[A:98]
བླ་མ་ཤར་པ་བཞུགས་པའི་དུས་སུ། མཁས་གྲུབ་ཆོས་རྗེའི་དུས་མཆོད་མཛད་པའི་ཚེལང་ཆར་ཆེན་པོ་བབ་ནས་ཐིགས་པ་བྱུང་བ་ལ། ཁྱེད་རྣམ་པ་ལ་དགོས་ན་ཐིགས་ཚགས་མཛོད། ངེད་ཀུན་ཡུན་རིངས་ཨེ་སྡོད་མི་ཤེས་གསུང་བ་དང་། དཔལ་གྱི་རི་བོའི་གཟིམས་ཆུང་ཐོག་ཁ་ན་བཞུགས་ཙ་ན། ཞལ་གྱི་སྙིང་དྲུག་འདི་དཔལ་གྱི་རི་བོ། ཆེ་ལུགས་ཀྱི་རི་འདི་ཡིད་ཕམ་པར་བྱེད་པའི་རི། སྟག་ལུང་རྫོགས་པའི་སྤྱི་བོ་སེམས་ལ་གསོ་བའི་རི། དགོན་པའི་རྒྱབ་རི་འདི་ཟླུམ་གྱི་ར་བ་ཡིན། འདི་ནས་རི་གསུམ་པོ་འདི་ལ་རྡོག་པ་རྒྱབ་ནས་གྲུབ་པའི་དངུལ་ཆུ་འཐུངས་ཏེ་མཁའ་སྤྱོད་མ། ནམ་མཁའ་འདི་ལ་སྒོར་སྒོར་འཕུར་ནས་འགྲོ་བར་གདའ་ན་གསུང་། ཕག་ལོའི་དབྱར་ཞོད་ཆེས་ནས་གཟིམས་ཁང་གི་བླའུ་གཡེ་དང་། བྲང་ཁང་རྣམས་ལ་ཞིག་རལ་དུ་མ་བྱུང་བ་རྣམས་ལའང་། སྔར་ཡིན་ན་ཚིམས་ཚགས་ཀྱི་ཞལ་བསྐོས་ཐུགས་ལ་འདོགས་པ་ཡིན་ནའང་། ན་ནིང་གི་ཞིག་རལ་རྣམས་ལ་ཐེངས་རེ་མིག་ལ་མཛེས་ཙམ་རེ་གྱིས་ལ་ཞོག །། གླིང་གསེབ་ཀྱི་སྤྱིལ་པོ་ཞིག་པོ་རྣམས་ད་རང་མི་འཆོས་ནས་ཡོང་གསུང་བ་དང་། སློབ་དཔོན་ལྷ་པས་སྤྱིལ་པོ་ཞིག་གསོས་མཛད། དགོངས་གཅིག་འཕྱི་འཕྱིའི་བར་ལས་འཕྲོ་མ་བཅད་པར་ཁོང་རང་ཁེད་རེང་དུ་བཞུགས་འདུག་པ་གཟིགས་ནས། སློབ་དཔོན་བགྲེས་པོ་འོ་རྒྱལ། གོས་ཕུ་ཐུང་མ་གཅིག་ཀྱང་མི་འདུག །། འདི་སྐྱོལ་གསུང་ནས། ན་བཟའ་སྟོད་ཐུང་གསོལ་འཕྲོ་དེ་སྐུར། དཔལ་རིའི་སྤྱིལ་པོ་ལ་ད་རང་ཁོང་གིས་ཀྱང་བདེ་ཨེ་ཆོད་མི་ཤེས་ཏེ། ང་དགའ་རུ་རེ་ནས་བྱེད་པར་གདའ་བ། དེ་དགའ་ཚད་ཡིན་མོད། དགའ་རུ་རེ་ནས་བྱེད་པ་གཞན་པ་ཡོད་ནའང་ད་ལྟ་བྱེད་རན་ཡིན་ནོ།