[A:༩༠ན]འོ་སྐོལ་གྱི་ལྷ་འཇིགས་བྱེད་དུས་མཚན་གྱི་འོག་ཏུ་ཡོད་ན་ཅི་བྱ་ཞུས་པས། སློབ་དཔོན་གྱི་ཞལ་ནས་བཅོམ་ལྡན་འདས་རྣམ་པ་ཐམས་ཅད་དུ་འཇིག་རྟེན་པས་བརྫི་བར་མི་ནུས་སོ། །ཞེས་གསུངས། དེ་ནས་ཞག་བདུན་འདས་ནས་བལྟས་པས་འཁོར་ལོ་བདེ་མཆོག་གི་བྲིས་སྐུ་ནི་འོད་དང་ལྡན་པ། བྲིས་སྐུ་ཅིག་ཤོས་ཀྱང་འཇིགས་བྱེད་དུས་མཚན་གདན་དུ་བྱས་པའི་བཅོམ་ལྡན་འདས་འོད་དང་བཅས་པར་གྱུར་འདུག་པས། རྒྱལ་པོ་འཁོར་དང་བཅས་པ་ཐམས་ཅད་ངོ་མཚར་དུ་གྱུར་ཏེ་སློབ་དཔོན་རྒྱལ་པོའི་ཕོ་བྲང་དུ་སྤྱན་དྲངས་ནས་དབང་དང་གདམས་ངག་ཞུས། རྒྱལ་སྲིད་ཐམས་ཅད་ཡུལ་རེ་བྷཾ་ག་ལའི་རྒྱལ་པོའི་མངའ་འོག་ཏུ་གཏོགས་པ་ཐམས་ཅད་སངས་རྒྱས་པའི་བསྟན་པ་ལ་བཀོད་ཅིང་། ཧེ་རུ་ཀའི་ལུང་བསྟན་བཞིན་གཞུང་དྲུག་མཛད་དོ། །དེ་ནས་ཡང་སློབ་དཔོན་གྱིས་དེ་ཝི་ཀོ་ཏྲར་བྱོན་པས། མཁའ་འགྲོ་མ་ཞིག་མིའི་བུ་མོར་བརྫུས་ནས་འབྲས་རྡུང་གིན་འདུག་པ་ལ་བསླངས་པས་མ་བྱིན་པ་ན། སློབ་དཔོན་གྱིས་འབྲས་ཀྱི་ཚོམ་ལ་ལྟ་སྟངས་མཛད་ནས་བཀག་པས། མོས་ཀྱང་སློབ་དཔོན་ལ་ལྟ་སྟངས་བྱས་པས་ཞལ་ནས་ཁྲག་བྱུང་སྟེ། དེ་གསོལ་ནས་སྔར་གྱི་བཞུགས་སར་བྱོན་པས་སྙུང་བས་ཐེབས་ནས། ངས་བླ་མའི་བཀའ་བཅག་པའི་ཉེས་པ་བྱུང་བས། ཡུལ་ཉི་ཤུ་རྩ་བཞིར་ཚོགས་འཁོར་བྱེད་དུ་སོང་མེ་ཏོག་དང་སྨན་བྱེད་ཁྱེར་ལ་ཤོག་གསུངས། འཁོར་རྣམས་ཀྱིས་དེ་བཞིན་བྱས་པས། ལམ་ཁ་ན་ཁྲུས་ཀྱི་རྫིང་བུ་ཞིག་ན་བུད་མེད་མང་པོ་ཁྲུས་བྱེད་ཀྱིན་འདུག་པས་ཁྱེད་རྣམས་ཀྱང་ཁྲུས་གྱིས་ཟེར། ལོང་མེད་སློབ་དཔོན་སྙུང་བས་ངེད་རིང་