R132: དཔལ་ས་སྐྱ་པའི་ཡབ་ཆོས་ཀྱི་ཉིང་ཁུ་འཁོར་ལོ་སྡོམ་པའི་དམ་པའི་ཆོས་བྱུང་བའི་ཚུལ་ལེགས་པར་བཤད་པ་བདེ་མཆོག་ཆོས་ཀུན་གསལ་བའི་ཉིན་བྱེད།

  • Pagination (Witness A): ༩༠བ
[A:༩༠བ]བྱས་པས། སློབ་དཔོན་སྙུང་བ་དྭངས་ཡོད་ཟེར། དེར་ཁྲུས་བྱེད་ཀྱིན་བསྡད་པས། སྨན་རྣམས་བུད་མེད་དེ་དག་གིས་ཁྱེར་ནས་གར་སོང་ཆ་མེད་དུ་སོང་། དེར་སློབ་དཔོན་གྱི་དྲུང་དུ་ཕྱིན་པས་མ་དྭངས་པར་འདུག་ནས། ལོ་རྒྱུས་བསྙད་པས། མཁའ་འགྲོའི་བར་ཆད་དུ་ཤེས་སོ། །ཡང་ལོ་རྒྱུས་གཞན་ལས། སློབ་དཔོན་ཞལ་སྐྱེམས་ནས་ཤིང་ཐོག་སྲུང་བའི་བུ་མོ་ཞིག་ལ་ཤིང་ཐོག་བསླངས་པས་མ་བྱིན་པར་འཕྲོགས་ནས་ཟོས་པས་ཁྲག་འཁྲུ་ནས་སྙུང་བ་ན། རྒྱ་མཚོའི་ཝུ་བས་ཕན་ཟེར་ནས་སློབ་མ་རྐང་མགྱོགས་གྲུབ་པ་ཞིག་གིས་བླངས་ནས་འོངས་པས། བུད་མེད་བདུན་ཙམ་ཞིག་ངུ་ཞིང་འདུག་པས། ཅི་ཡིན་དྲིས་པས། སློབ་དཔོན་གྲོངས་ཟེར། འོ་ན་འདིས་ཅི་བྱ་སྙམ་ཕོ་ནས་ཕྱིན་པས་སློབ་དཔོན་མ་དྭངས་པར་འདུག་ནས། ལོ་རྒྱུས་ཞུས་པས། ད་མཁའ་འགྲོ་མའི་བར་ཆད་ཡིན། ཚེ་འདི་ལ་ཕྱག་རྒྱ་ཆེན་པོ་ཐོབ་པའི་སྐལ་བ་མེད། བར་དོར་རྟེན་འདི་ལ་ཞུགས་ནས་ཕྱག་རྒྱ་ཆེན་པོའི་དངོས་གྲུབ་མངོན་དུ་བྱེད་པས་ངའི་ལུས་འདི་ཞག་བདུན་དུ་མ་སྲེགས་ཤིག་གསུངས་ནས་སྐུ་ནོངས་སོ། །དེ་ནས་ཞག་ལྔ་ན་རྒྱལ་པོས་རིག་ནས་ཡུལ་ཕྱོགས་ན་རོ་ཡོད་པས་ཡུལ་པ་ཐམས་ཅད་ཚོགས་ཤིག་ཟེར་ནས་འཇོག་ཏུ་མ་སྟེར་ཏེ། སྤུར་སྦྱངས་པས་གདུགས་དང་རྒྱལ་མཚན་དང་། མེ་ཏོག་གི་ཆར་ལ་སོགས་པ་ལུས་མི་སྣང་བའི་མཆོད་རྫས་དུ་མ་དང་། ཌ་མ་རུ་དང་། ཏིང་ཤག་ལ་སོགས་པའི་རོལ་མོའི་སྒྲ་རང་ཁྲོལ་དུ་བྱུང་ཞིང་། ལྷའི་གདུགས་སྤོས་ཀྱི་དྲི་ཞིམ་པོ་ཡང་རྒྱ་ཆེར་བྱུང་ངོ་། །ལོ་རྒྱུས་ཁ་ཅིག་ལས།