[A:༩༡ན]ཞག་བདུན་ན་གདུགས་དང་། ཌ་མ་རུའི་སྒྲ་དང་བཅས་རྟེན་ལ་འཇུག་ཏུ་བྱུང་བར་གྲགས་སོ། །ཡང་འགའ་ཞིག་ལས། དེ་ནས་གཞན་དུ་སྐུ་འཁྲུངས་པ་ན་ཡང་། བླ་མས་མ་གནང་བཞིན་དུ་སྤྱོད་པ་མཛད་པ་དང་། མཁའ་འགྲོའི་བར་ཆད་ཀྱིས་སྐུ་འགྱུར་བ་སོགས་དྲན་ཏེ། ད་ནི་སྤྱོད་པའི་དུས་ལ་བབ་པ་ན་ལུས་ལ་རུས་པའི་རྒྱན་དྲུག་རང་ཆས་སུ་ཤོག་ཅིག་ཅེས་སྨོན་ལམ་བཏབ་ནས། རྡོ་རྗེ་ཐེག་པའི་བསྒྲུབ་པ་མཛད་པས་དུས་ལ་བབ་པ་ན་རྒྱན་རང་ཆས་སུ་བྱུང་ནས། སྤྱོད་པ་མཛད་པས་སངས་རྒྱས་སོ་ཞེས་འབྱུང་ཡང་། བར་དོར་འབྲས་བུ་མངོན་དུ་བྱེད་པར་ཧེ་རུ་ཀས་ལུང་བསྟན་པ་དང་འགལ་བས་མ་དག་པར་བཤད་ཅིང་། བར་དོར་མངོན་པར་སངས་རྒྱས་པ་ཉིད་ཡིན་ཏེ། རྡོ་རྗེ་གདན་པས། བླ་མའི་བཀའ་བཅག་སྤྱོད་པ་མཛད། །སྲིད་པ་བར་དོར་རྫོགས་སངས་རྒྱས། །ནག་པོ་སྤྱོད་པ་ཞེས་བྱ་བའི། །བླ་མ་དེ་ལ་ཕྱག་འཚལ་ལོ། །ཞེས་པ་ལྟར་རོ། །དེ་ལྟ་བུའི་སློབ་དཔོན་ཆེན་པོ་དེ་ལ་སློབ་མའི་མཆོག་རྒྱལ་པོ་ཟླ་བའི་རོལ་པ། བློན་པོ་དགེ་བའི་མགོན་པོ། སློབ་དཔོན་གུ་ཧྱ་པ་དང་གསུམ་ལས། བརྒྱུད་པ་འཛིན་པ་ནི་ཕྱི་མ་སྟེ། འདིས་ནི་སྔར་སློབ་དཔོན་ནག་པོ་སྤྱོད་པ་ལ་བར་ཆད་བྱེད་པའི་མཁའ་འགྲོ་མ་དེ་དག་ཀྱང་ལེགས་པར་བཏུལ་ཞིང་། ཕྱག་རྒྱ་ཆེན་པོའི་དངོས་གྲུབ་བརྙེས་པ་ཞིག་ཡིན་ལ། དེའི་སློབ་མ་བི་ཛ་ཡ་སྟེ། བོད་སྐད་དུ་རྣམ་པར་རྒྱལ་བ་ཞེས་པ་ཡིན་ལ། དེས་ཀྱང་ཕྱག་རྒྱ་ཆེན་པོའི་དངོས་གྲུབ་ཐོབ་བོ། །ཡང་བདེ་མཆོག་ལཱུ་ཧི་པའི་ཆོས་སྐོར་གྱི་བརྒྱུད་པ་ལྟར་ན། དྷ་རི་ཀ་པའི་སློབ་