R132: དཔལ་ས་སྐྱ་པའི་ཡབ་ཆོས་ཀྱི་ཉིང་ཁུ་འཁོར་ལོ་སྡོམ་པའི་དམ་པའི་ཆོས་བྱུང་བའི་ཚུལ་ལེགས་པར་བཤད་པ་བདེ་མཆོག་ཆོས་ཀུན་གསལ་བའི་ཉིན་བྱེད།

  • Pagination (Witness A): ༩༡བ
[A:༩༡བ]མ་བར་མའི་སློབ་དཔོན། དེ་ནས་ཏི་ལོ་པ་ལ་བརྒྱུད་པ་ཡིན་ཏེ། རྗེ་བཙུན་རིན་པོ་ཆེས། ལཱུ་ཧི་པ་དང་། དྷ་རི་ཀ ཨནྡྷར་པ་དང་ཏེ་ལོ་པ། ཞེས་གསུངས་པས་སོ། །ནག་པོ་པ་དང་། དྲིལ་བུ་པའི་བརྒྱུད་པ་ལ་ནི་བར་མའི་སློབ་དཔོན་མི་དགོས་ལ། རྗེ་བཙུན་རྩེ་མོས་གྲུབ་ཆེན་དྲིལ་བུ་པའི་གོང་དུ་སློབ་དཔོན་འདི་འདྲེན་པར་མཛད་པ་དང་། བརྒྱུད་འདེབས་གང་དྲིན་མར་ཆོས་རྗེ་ས་པཎ་གྱིས་རྣམ་རྒྱལ་དང་བར་མ་གཉིས་ལ་བསྟོད་པ་རིམ་བཞིན་མཛད་པ་ནི། བར་མའི་སློབ་དཔོན་དྷ་རི་ཀ་པའི་དངོས་སློབ་དང་། ཏི་ལོ་པའི་བླ་མ་ཡིན་པ་དང་། ལཱུ་ཧི་པའི་བརྒྱུད་པ་འདུས་པ་ལ་དགོངས་པ་ཡིན་པར་བཤད་ལ། བུ་སྟོན་རིན་པོ་ཆེའི་བདེ་མཆོག་ཆོས་འབྱུང་ལས། གུ་ཧྱ་པའི་སློབ་མ་བྷུ་བ་པ། དེ་གཉིས་ཀྱི་སློབ་མ་རྣམ་རྒྱལ་ཡིན་པར་བཤད་པའི་རྗེས་སུ། དེ་ཡང་དྲིལ་བུ་པ་དང་ནག་པོ་པའི་བརྒྱུད་པ་གཅིག་ཏུ་སྡོམ་པའི་ཕྱིར་དྲིལ་བུ་པ་མན་ཆད་བཅུག་ཅིང་། ལཱུ་ཧི་པའི་དབང་དུ་བྱས་ནས། དྷ་རི་ཀ་པའི་སློབ་མ་ཨནྡྷར་པ་ཡིན་ལ། ཨནྡྷར་པ་དང་རྣམ་རྒྱལ་ཞབས་གཅིག་པས་དེ་ལ་བར་གྱི་རྣམས་མེད་པས་ཆོག་ཅེས་ས་སྐྱའི་ཡིག་ཆ་རྙིང་མ་ལས་འབྱུང་ངོ་། །ཞེས་གསུངས་འདུག་ཀྱང་། བུ་སྟོན་རང་གིས་ཡི་གེ་མ་དག་པ་ཞིག་གཟིགས་སམ་སྙམ་སྟེ། རྗེ་བཙུན་ས་སྐྱ་པའི་ལུགས་ལ་ལཱུ་ཧི་པའི་བརྒྱུད་པ་ལ། རྡོ་རྗེ་དྲིལ་བུ་པ་ནས་རྣམ་རྒྱལ་གྱི་བར་སོགས་མི་དགོས་པར། དྷ་རི་ཀ་པ་ནས། བར་མའི་སློབ་དཔོན་ལ་དེད་པས་ཆོག་ཀྱང་། དེ་དང་ཨནྡྷར་པ་གཅིག་གིས།རྣམ་རྒྱལ་དང་ཨནྡྷར་པ་གཅིག་པར་མི་བཞེད་པའི་ཕྱིར་རོ། །