R132: དཔལ་ས་སྐྱ་པའི་ཡབ་ཆོས་ཀྱི་ཉིང་ཁུ་འཁོར་ལོ་སྡོམ་པའི་དམ་པའི་ཆོས་བྱུང་བའི་ཚུལ་ལེགས་པར་བཤད་པ་བདེ་མཆོག་ཆོས་ཀུན་གསལ་བའི་ཉིན་བྱེད།

  • Pagination (Witness A): ༩༤ན
[A:༩༤ན]བྱོན་ནས་སྔར་བཞིན་གསོས། དེ་ནས་ཡང་ཕྱི་བཞིན་འབྲངས་པས། བློན་པོའི་བག་མ་འགྲོ་བར་གཟིགས། རྣལ་འབྱོར་པ་བྱ་བ་ཕྱག་རྒྱ་མ་དགོས་པས། ཁྱོད་ཀྱིས་བློན་པོའི་བག་མ་འཕྲོག་ནུས་སམ་གསུངས་པས། སྔར་བཞིན་བྲམ་ཟེའི་ཆས་སུ་བྱས་ཏེ་བྱོན་པས། ཁོང་རྣམས་བཀྲ་ཤིས་སོ་ཟེར་བ་ན། བག་མ་ལ་མེ་ཏོག་བཏགས་པང་དུ་རྩེན་ཏེ་བླངས་ཁུར་བར་བརྩམས་པ་ན། བློན་པོ་ལ་བརྙས་པ་འདི་ལྟར་བྱེད་པ་ཟེར་ཏེ་བརྡུངས་ནས། རྐང་ལག་བཞི་བཅད་དེ་བཞག་གོ །དེར་ད་རེས་རྐང་ལག་བཅད་པ་མཐུད་དུ་ནི་མི་བཏུབ་གསོས་པའི་ཐབས་མེད་དགོངས་ཙ་ན། སློབ་དཔོན་བྱོན་ནས་སྔར་ལྟར་གསོས། ཡང་ཕྱི་བཞིན་འབྲངས་པས་གྲོང་ཁྱེར་ཞིག་ན་དགའ་སྟོན་བྱེད་པ་ལ་སློངས་ཤིག་གསུངས། བསླངས་པས་ཚོད་མ་སྣོད་གང་བྱིན་བྱུང་བ་སློབ་དཔོན་ལ་ཞུས་པས་ཞིམ་ཞིམ་མཛད་དེ་གསོལ། ད་དུང་གསོལ་བར་འདུག་སྙམ་ཡང་སློང་དུ་ཕྱིན་པས་མ་བྱིན་པ་ན། སྔར་གྱི་ཚོད་མ་དེ་འདྲ་འདུག་པའི་ཟངས་དེ་བྲང་ལ་བཀབ་སྟེ་བྲོས་ཡོང་པས་མི་མང་པོས་བརྡུངས་པས་ཀྱང་ཟངས་མ་ཤོར་བས། མི་དེ་དག་ན་རེ། བརྐམ་ཆགས་ཅན་ཁྱོད་ཚོད་མ་ཁྱེར་ལ་ཟངས་བྱིན་ཅིག་ཟེར་བ་ན་ཟངས་གཏད། ཚོད་མ་ཁྱེར་ནས་ཕུལ་བས་དགེས་ཏེ་གསོལ། ཡང་བྱོན་པས་སྔར་གྱི་དགེ་འདུན་གྱི་གཙུག་ལག་ཁང་ཆེན་པོ་དེའི་རྩེར་བཞུད་སོང་བས། འདི་ནས་མར་མཆོངས་ནུས་པ་སུ་ཡོད་གསུངས། བལྟས་པས་གཞན་ནི་མི་འདུག་ང་ལ་གསུངས་པ་ཡིན་དགོངས་ཚམ་ཚོམ་མེད་པར་མཆོངས་པས། རྐང་