[A:༩༤བ]ལག་དང་རྩིབས་མ་ཆག་རྒྱུ་ལོང་ལ་ཟུག་པས་ཤིན་ཏུ་སྡུག་བསྔལ་བ་ན་ཞག་འགའ་མ་བྱོན། དེ་ནས་སློབ་དཔོན་བྱོན་ཏེ་སྔར་བཞིན་མཛད་པས་གསོས། ཡང་ཕྱི་བཞིན་འབྲངས་པས་ནགས་འདབ་ཤིག་ཏུ་ཤིང་སྐམ་པོ་ཐུས་ཤིག་གསུངས། ན་རོ་པས་བཏུས། སློབ་དཔོན་རང་ཡང་འཐུ་བཞིན་འདུག་པས། ཐམས་ཅད་སྤུངས་ཏེ་མེ་སྦར་ཏེ། འདིའི་དབུས་སུ་སྡོད་ནུས་པ་ཡོད་དམ་གསུངས་པ་ལ། ནུས་ཞུས་ཏེ་བསྡད་པས་ཤ་ཐམས་ཅད་ཚིག་རུས་པ་དཀར་པོར་སོང་ནས། ད་ནི་གསོས་པའི་ཐབས་མེད་དགོངས་ཙ་ན་མེ་རང་ཞིར་སོང་། ཕྱག་གིས་བྱུགས་པས་སྔར་བཞིན་གསོས། ཡང་བྱོན་པས་གྲོང་ཁྱེར་བའི་མི་གཙང་བ་སྤུངས་པའི་འདམ་པ་ཁྲོད་ཅིག་ཏུ་ཁྲིད་དེ། འདི་བཟའ་ནུས་སམ་གསུངས། ནུས་ཞུས་ཐེ་ཚོམ་མེད་པར་ཟོས་མི་ཞིམ་ཡང་འགྱོད་པ་མེད་དགོངས་སོ། །དེ་ནས་ཕྱི་བཞིན་འབྲངས་པས་མྱ་ངམ་གྱི་ཐང་ཆེན་པོ་ཞིག་ཏུ་ཁྲིད་དེ། དེར་ཅུང་ཞིག་མཉམ་པར་བཞག་ནས། ན་རོ་པ་ལ་གཟིགས་ཏེ། ཁྱོད་ཡུན་རིང་པོ་ནས་ཚ་གྲང་ལ་སོགས་པ་མི་བཟོད་པ་མེད་ཅིང་། གང་ཡང་ཡིད་ལ་མི་བྱེད་པར་དཀའ་བ་དོན་དུ་གཉེར་བ་ཅི་འདོད་པ་ཡིན་གསུངས་པ་ལ། བདག་ཡང་དག་པའི་གདམས་ངག་འདོད་དོ་ཞུས་པས། འོ་ན་ཡང་དག་པའི་གདམས་ངག་སྟེར་བས་མཎྜལ་གྱིས་གསུངས་པ་ན། ཆུ་མེད་ཞུས་པས་དྲི་ཆུས་གྱིས་གསུངས། མཎྜལ་བྱས་ཏེ་མེ་ཏོག་བཀྲམ་པ་ན། སློབ་དཔོན་གྱིས་མཎྜལ་གྱི་འཇིམ་པ་ཞིག་བླངས་ཏེ། ན་རོ་པའི་བཞིན་ལ་འཕངས་པས་མི་རྟོག་པ་སྐྱེས་ཏེ། དེ་ཡང་ལྷན་ཅིག་སྐྱེས་པའི་ཡེ་ཤེས་མཚོན་པར་བྱ་བའི་ཕྱིར་བྱིན་གྱིས་