R132: དཔལ་ས་སྐྱ་པའི་ཡབ་ཆོས་ཀྱི་ཉིང་ཁུ་འཁོར་ལོ་སྡོམ་པའི་དམ་པའི་ཆོས་བྱུང་བའི་ཚུལ་ལེགས་པར་བཤད་པ་བདེ་མཆོག་ཆོས་ཀུན་གསལ་བའི་ཉིན་བྱེད།

  • Pagination (Witness A): ༩༥ན
[A:༩༥ན]བརླབས་པར་མཛད་དོ། །དེ་ནས་དང་པོར་དབང་དང་། རྒྱུད་དང་། བསྟན་བཅོས་རྣམས་གསུངས། དེ་ནས་གདམས་ངག་བསྐྱེད་པའི་རིམ་པ་དང་། གཞི་འཁོར་བའི་གནད་རྩ་དང་རླུང་དང་བྱང་ཆུབ་ཀྱི་སེམས་ལ་སོགས་པ་མཚོན་བྱེད་དཔེ་ཐམས་ཅད་བསྟན་ནས། མཚོན་བྱ་དོན་ཞུས་པས། ཀྱེ་ཧོ་འདི་ནི་རང་རིག་སྟེ། །ངག་གི་ལམ་འདས་སྤྱོད་ཡུལ་མིན། །ཏེ་ལོ་པ་ཡིས་ཅི་ཡང་བསྟན་དུ་མེད། །རང་ལ་རང་གིས་རླན་ཏེ་ཤེས་པར་བྱོས། །ཞེས་གསུངས་ཤིང་། རྒྱ་མཚོ་དང་འདྲ་བའི་མཚོན་བྱ་དོན་འདྲ་སྟེ། ད་ཁྱོད་པཎྜི་ཏའི་ཆས་མ་འཛིན་པར་རྣལ་འབྱོར་པའི་ཆ་ལུགས་ཀྱིས་བསྒྲུབ་པ་སྙིང་པོར་གྱིས་ཤིག སྐྱེ་བ་འདིར་མཆོག་གི་དངོས་གྲུབ་ཐོབ་པར་འགྱུར་རོ། །པཎྜི་ཏའི་ཆས་བཟུང་སྟེ་རྩོད་པ་བྱས་ན། ཆོས་ལ་སྨོད་པའི་ལྟུང་བ་འབྱུང་བས་དངོས་གྲུབ་མི་འགྲུབ་བོ་གསུངས་དམ་ཚིག་ཕོག་ནས་མི་སྣང་བར་གྱུར་ཏོ། །དེ་ནས་ན་རོ་པས་པུ་ལ་བི་ཧར་ཞེས་བྱ་བ་མེ་ཏོག་བཟང་པོ་དག་ཀྱང་ལྷ་ཁང་དེའི་ཚོན་གྱིས་ཟིལ་གྱིས་གནོན་པས་ན་མེ་ཏོག་འཕྲོག་པའི་ལྷ་ཁང་ཞེས་གྲགས་པའི་བྱང་ཕྱོགས་ན་གྲོང་ཁྱེར་ཆུང་ངུ་ཞིག་ཡོད་པ་དེར་རྒན་མོ་ཞིག་གིས་འཚོ་བ་ཕུལ་ཏེ་བསྒྲུབ་པ་སྙིང་པོར་མཛད་ཅིང་བཞུགས་པ་ལས། དུས་རེ་ཞིག་ན། མུ་སྟེགས་གཅེར་བུ་བ་རྣམས་རྩོད་པ་རྒྱལ་ཏེ། སངས་རྒྱས་ཀྱི་བསྟན་པ་འཇིག་པར་ཉེ་བ་ན། རྒྱལ་པོས་པཎྜི་ཏ་ལྔ་བརྒྱ་བསགས་ཏེ་མེ་ཏོག་ཕྲེང་བ་གཏད་པས་སུས་ཀྱང་ལེན་མ་ནུས་ནས། རྒྱལ་པོ་ན་རེ། ད་དུང་ཁྱེད་རྣམས་གྲོས་གྱིས་ལ་རྩོད་པ་གྱིས་ཤིག མི་ནུས་ན་གཙུག་ལག་ཁང་དབང་རིགས་དང་བཅས་པ་གཅེར་བུ་བ་ལ་