[A:༩༥བ]འབུལ་ལོ་ཟེར་བས། པཎྜི་ཏ་རྣམས་གྲོས་བྱེད་པའི་ཚེ། རྒན་མོ་ཞིག་ན་རེ། ངའི་ཁྱིམ་ན་ན་རོ་པ་བཞུགས་པས་དེ་ལ་ཞུས་ཟེར། ཐམས་ཅད་ཀྱིས་རྒྱུ་མཚན་ཞུས་གསོལ་བ་བཏབ་པས། བསྟན་པ་འཇིག་ལ་ཁད་དམ་གསུངས་པས། ཁད་དོ་ཟེར་བ་ན། སྔར་སློབ་དཔོན་གྱི་བཀའ་གནང་བ་བརྗེད་ནས་མ་དྲན་པར་ཞལ་གྱིས་བཞེས། དེར་རྩོད་པའི་ཁྲི་བཤམས་པ་ལ་གཅེར་བུ་པ་འོངས་མ་ནུས་པ་ན། ཁོ་རང་གི་ལྷ་ཁང་གི་སྒོར་རྒོལ་བ་དང་། ཕྱི་རྒོལ་བ་དང་། དཔང་པོ་རྒྱལ་པོ་དང་གསུམ་གྱི་ཁྲི་བཤམས་ཏེ། བརྩད་པས་སློབ་དཔོན་ཅུང་ཟད་ཞན་ཞན་འདྲ་ནས། ཐུགས་ལ་ང་ལྟ་བུའི་སྨྲ་བའི་དབང་ཕྱུག་ཞན་པ་ལྟར་སྣང་བ་ཅི་ཡིན་སྙམ་པ་ན། སྔར་སློབ་དཔོན་གྱི་གསུང་དྲན། དེ་བཅག་པའི་ཉེས་པར་དགོངས་ནས། ཡིད་ཀྱིས་བཤགས་པ་བྱས་གསོལ་བ་བཏབ་པས། ཏེ་ལོ་པ་ཕྱག་གཡོན་པར་མིའི་ཐོད་པ་བཅད་མ་ཁད་ཅིག་ཐོགས་ནས་བྱོན་པ་ལ་ཕྱག་མཛད་པས། གཅེར་བུ་བ་དག་ན་རེ། སྙིང་རྗེ་དང་བྲལ་བ་སྲིན་པོའི་གཟུགས་ཅན་འདི་ལྟ་བུ་ལ་ཕྱག་འཚལ་བ་དེ་ཉིད་ཀྱིས་ཁྱོད་ཕམ་པའི་གནས་སུ་གྱུར་ཏོ་ཟེར་བ་ལ། ཏེ་ལོ་པས་ཕམ་ཕམ་གསུངས་པས། ཁོའི་ལྷ་ཁང་མཆོད་རྟེན་འདྲ་བ་ཟུར་བརྒྱད་དང་། གསུམ་ཐོག་ཡོད་པ་དེ་ལ་སྡིགས་མཛུབ་མཛད་པས། ལྷ་ཁང་རྒྱ་ཕིབས་དང་བཅས་པ་ཐམས་ཅད་ཧྲུལ་གྱིས་ཞིག་པས། གཅེར་བུ་པ་དག་སྐྲག་སྟེ། ཐམས་ཅད་ཀྱིས་སློབ་དཔོན་ཏེ་ལོ་པའི་ཞབས་ལ་ཕྱག་འཚལ་ཏེ། གཅེར་བུ་པ་ཐམས་ཅད་སངས་རྒྱས་ཀྱི་བསྟན་པ་ལ་བཀོད་དོ། །དེ་ནས་སློབ་དཔོན་ཏི་ལོ་པས་ན་རོ་པ་ལ། ད་ཁྱོད་ཀྱིས་སྐྱེ་བ་འདི་ལ་ཕྱག་རྒྱ་