[A:༩༦ན]ཆེན་པོ་མཆོག་གི་དངོས་གྲུབ་ཐོབ་པའི་སྐལ་བ་མེད་ཀྱིས་ཆོས་སྟོན་ཅིག་འགྲོ་བ་མང་པོ་ལ་ཕན། ཁྱོད་བས་ཀྱང་སློབ་མ་དང་། ཡང་སློབ་རིམ་པས་ཕན་ཆེ་ཆེར་འགྱུར་ཞིང་། བར་དོར་ཕྱག་རྒྱ་ཆེན་པོའི་དངོས་གྲུབ་ཐོབ་པར་འགྱུར་རོ་གསུངས་མི་སྣང་བར་གྱུར་ཏོ། །དེ་ནས་ན་རོ་པས་བཤད་སྒྲུབ་གཉིས་ཀ་མཛད་པས་རྟོགས་པ་ཆེར་འཁྲུངས་ཏེ། འཆར་བ་མེད་ཅིང་ནུབ་པའང་མེད། །ཉིན་མོ་མེད་ཅིང་མཚན་མོའང་མེད། །བླ་མས་རྟོགས་པས་རྨོངས་པ་བཅད་དེ་སོང་། །གར་འགྲོ་གང་དུ་གནས་པ་མ་ཤེས་ཏེ། །བདེ་ཆེན་གྱིས་ནི་དབང་པོའི་གྲོང་འདི་བཅོམ། །བསམ་དུ་མེད་པའི་རྣལ་འབྱོར་དེ་ལས་སྐྱེས། །དེ་ལས་བདག་གིས་ཅི་ཞིག་བསམ་པར་བྱ། །ཕྱོགས་རྣམས་སྟོང་ཞིང་རང་ཡང་རྣམ་པར་གྲོལ། །གང་བལྟས་དེ་ནི་རྟག་ཏུ་དེ་ཡིན་ཏེ། །གཉུག་མའི་ཡིད་ནི་གདོད་ནས་སྟོང་པར་གོ །རྒྱུ་དང་འབྲས་བུ་བཏང་སྙོམས་དག་ཏུ་དོར། །འདི་ཡི་ཁྱད་པར་ཏི་ལོ་པ་དཔང་ངོ་། །ཞེས་གསུངས་སོ། །དེ་ལྟ་བུའི་སློབ་དཔོན་དེས་ཚེ་འདིར་ཕྱག་རྒྱ་ཆེན་པོའི་དངོས་གྲུབ་མངོན་དུ་མ་གྱུར་ཀྱང་། རྒྱལ་པོ་དཔུང་དང་བཅས་པ་རེངས་པར་བྱེད་པ་དང་། ཚོགས་འཁོར་སོགས་ཀྱི་དུས་སུ་ཤིང་ཐོག་སོགས་དགུག་ནུས་པ་དང་། སྦྱིན་སྲེག་གི་ཐབ་ཁུང་ནང་དུ་ལྷ་སུམ་ཅུ་རྩ་བདུན་གྱི་ཞལ་བལྟ་ནུས་པ་ལ་སོགས་པ་ཏིང་ངེ་འཛིན་གྱི་རྟོགས་པ་བརྟན་པས་སྤུར་སྦྱངས་པའི་ཤུལ་དུ་ཡང་ཟླ་བ་རེ་རེ་བཞིན་དུ་རོལ་མོའི་སྒྲ་དང་མེ་ཏོག་གི་ཆར་ལ་སོགས་པ་ལྷའི་མཆོད་པའི་བྱེ་བྲག་མང་པོ་ཀུན་གྱིས་མཐོང་ཞིང་ཐོས་པ་འབྱུང་བ་ཡིན་ནོ། །དེ་ལ་