R132: དཔལ་ས་སྐྱ་པའི་ཡབ་ཆོས་ཀྱི་ཉིང་ཁུ་འཁོར་ལོ་སྡོམ་པའི་དམ་པའི་ཆོས་བྱུང་བའི་ཚུལ་ལེགས་པར་བཤད་པ་བདེ་མཆོག་ཆོས་ཀུན་གསལ་བའི་ཉིན་བྱེད།

  • Pagination (Witness A): ༩༦བ
[A:༩༦བ]སློབ་མ་གྲུབ་པ་ཐོབ་པ་དཔལ་ཌོམྦྷི་བ་དང་། ཤནྟི་པ་དང་། མངའ་བདག་མཻ་ཏྲི་པ་ལ་སོགས་པ་ཆེ་བར་གྲགས་པ་བདུན། ཞི་བ་བཟང་པོ་དང་། ཞི་བའི་གོ་ཆ་ལ་སོགས་པ་པཎྜི་ཏའི་སློབ་མ་མང་པོ་དང་། ཁྱད་པར་ཞབས་པད་ཡུན་རིང་དུ་བསྟེན་ཅིང་མཉེས་པར་བྱས་པས་འཁོར་ལོ་བདེ་མཆོག་གི་ཐུན་མོང་མ་ཡིན་པའི་གདམས་ངག་གི་སྒོ་ནས་རྗེས་སུ་བཟུང་བའི་སློབ་མ་སོགས་མང་དུ་ཡོད་པ་ལས། དེ་དག་གི་ནང་ནས་ཤནྟི་པ་ཆེན་པོ་མཁས་པ་སྒོ་དྲུག་མཉམ་པོ་ཡིན་ཀྱང་། ན་རོ་པ་ཆེན་པོ་ལ་བདེ་མཆོག་གི་དབང་དང་གདམས་ངག་གསན། རྒྱུད་བསྟན་བཅོས་མང་པོ་ལ་འགྲེལ་པ་མཛད། དཔལ་སྡོམ་པའི་རྒྱུད་ལ་འགྲེལ་པར་མཛད་པ་རྩོམ་པའི་ཚེ་ན་རྨི་ལམ་དུ་རྡོ་རྗེ་ཕག་མོས་ཞལ་བསྟན་ནས། ཀླ་ཀློའི་སྐད་ཀྱིས་ཤིན་ཏུ་སྦས་པའི་རྒྱུད་འདི་གསལ་བར་མ་འགྲེལ་བར་དོན་ཟབ་མོ་ཉམས་སུ་ལོངས་ཤིག་གསུངས། བཀག་པ་དང་གནང་བའི་ལུང་བསྟན་ཐོབ་ནས། ཕྱི་རུ་ཉན་ཐོས་ཀྱི་སྤྱོད་པ་མཛད། །ནང་དུ་ཟབ་མོའི་དོན་ཉམས་སུ་བླངས་པས་གྲུབ་པ་བརྙེས་པ་ཡིན་ཏེ། རྡོ་རྗེ་གདན་པས། རྒྱལ་རིགས་སྤྱོད་པ་མཐར་ཕྱིན་ནས། །འདུལ་འཛིན་གསང་སྔགས་དངོས་གྲུབ་བརྙེས། །ཤནྟི་པ་ཞེས་བྱ་བ་ཡི། །བླ་མ་དེ་ལ་ཕྱག་འཚལ་ལོ། །ཞེས་པ་ལྟར་རོ། །དེའི་སློབ་མ་ཇོ་བོ་རྗེ་དཔལ་ལྡན་ཨ་ཏི་ཤ་སྟེ། འདིས་ཐོག་མར་སློབ་དཔོན་ཤནྟི་པ་ལ་བདེ་མཆོག་གི་དབང་དང་། རྒྱུད་མཁས་པ་པཎྜི་ཏའི་བཤད་པ་ཡན་ལག་དང་བཅས་པ་མནོས་ནས་མཁས་པར་སྦྱངས། དེ་ནས་དྷ་རི་ཀ་པའི་སློབ་མ་བྲམ་ཟེ་སྡོམ་པ་བཟང་པོ་ཞེས་