[A:༩༧ན]བྱ་བ་ལ། བདེ་མཆོག་ལཱུ་ནག་གཉིས་ཀའི་དབང་དང་རྒྱུད། གདམས་པ་ཟབ་མོ་དང་བཅས་པ་མནོས་ནས་ཐུགས་རྒྱུད་ཚིམ་པར་མཛད། དེའི་རྗེས་སུ་དཔལ་མཆོག་ཌོ་མྦྷི་བ་ལ་བདེ་མཆོག་ཡབ་བཀའ་དང་། ཁྱད་པར་རྗེ་བཙུན་མ་ཞལ་གཉིས་མ་དང་། ན་རོ་མཁའ་སྤྱོད་ལ་སོགས་པའི་ཡུམ་བཀའི་བྱིན་རླབས་དང་། ཉམས་ལེན་ཟབ་དོན་མཐར་ཐུག་པ་མནོས་ནས་ཐུགས་ཉམས་སུ་བཞེས་པས་རྗེ་བཙུན་མའི་ཞལ་གཟིགས་གནང་བ་ཐོབ་པར་གྲགས་སོ། །ཡང་ཁྱད་པར་ཡུན་རིང་དུ་བསྟེན་ཅིང་མཉེས་པར་བྱ་བའི་ན་རོ་པ་ཆེན་པོའི་སློབ་མ་ནི་བཞི་སྟེ་པྲཛྙཱ་རཀྵི་ཏ་དང་། མ་ན་ཤྲཱི་དང་། ཁ་ཆེ་བྱང་ཆུབ་བཟང་པོ་དང་། ཕམ་ཐིང་པ་རྣམས་སོ། །སྔ་མ་གསུམ་གྱིས་ན་རོ་པའི་ཞབས་པད་ཡུན་རིང་པོ་བསྟེན་ཀྱང་ཚོགས་བཤད་ལས་མ་གནང་། ཕྱི་མ་ལ་སློབ་བཤད་ཐུན་མོང་མ་ཡིན་པ་ཚང་བར་གནང་བ་ཡིན་ཏེ། དེ་ཡང་བམ་ཐིང་པ་ལ་སྐུ་མཆེད་བཞི་སྟེ། རིགས་འབའ་བོ་བྱ་བ་ཡིན་ལ། མཆེད་རྣམས་ཀྱི་ཆེ་ཤོས་དགེ་སློང་དྷརྨ་མ་ཏི་སྟེ་ཆོས་ཀྱི་བློ་གྲོས་བྱ་བ་ཡིན་ཞིང་། འདིས་ན་རོ་པའི་སྤྱན་སྔར་ལོ་བཅུ་གཉིས་བཞུགས། དེ་སྤྱན་འདྲེན་པར་དེའི་གཅུང་པོ་འཇིགས་མེད་གྲགས་པས་བྱོན་པས། གཅེན་གྱི་ཞལ་ནས། ཁྱོད་ངའི་བླ་མའི་དྲུང་དུ་སྡོད་ཅིག ཁོ་བོ་ལ་བླ་མས་ཁྱོད་ཆོས་མ་འཆད་པར་རྒྱ་ནག་རི་བོ་རྩེ་ལྔར་སོང་ན་དངོས་གྲུབ་ཐོབ་གསུངས་པའི་ལུང་བསྟན་ཡོད་པས་དེར་འགྲོ་གསུངས་ནས་བཞུད་དེ། ཕྱིས་འདིར་སོང་ཆ་མེད་པ་ཞིག་བྱུང་། དེ་ནས་འཇིགས་མེད་གྲགས་པས་ན་རོ་པའི་སྤྱན་སྔར་ལོ་དགུ་