[A:༩༧བ]བཞུགས། དཔལ་ཀྱཻ་རྡོ་རྗེ་སོགས་གསང་སྔགས་ཕལ་ཆེར་བསླབས། ཁྱད་པར་འཁོར་ལོ་བདེ་མཆོག་གི་གདམས་ངག་གཞན་སུ་ལ་ཡང་མ་གནང་བའི་སློབ་བཤད་ཟབ་མོ་སྩལ། དེའི་སྒོ་ནས་དམན་པ་དང་འབྲིང་གི་དངོས་གྲུབ་ཀྱང་ཐོབ་པར་མཛད་དོ། །དེ་ལ་བལ་པོའི་ཡུལ་དུ་ཨ་ཐས་པ་ཆེན་པོ་ཞེས་བྱ་བར་གྲགས། བོད་ཀྱི་ཡུལ་དུ་ཕམ་ཐིང་པ་ཞེས་པར་གྲགས་པ་ཡིན་ལ། དེ་སྤྱན་འདྲེན་པར་དེའི་གཅུང་དུས་འཁོར་བར་ཡང་གྲགས། བལ་པོ་མཻ་ཏྲི་པ་ཞེས་ཀྱང་འབོད་པ་དེས་བྱོན་པས་གཅེན་གྱིས་ཁྱོད་ཀྱང་ངའི་བླ་མ་སྟེན་ལ་གདམས་ངག་ཞུས་གསུངས་པ་བཞིན་ལོ་ལྔར་ན་རོ་པའི་དྲུང་དུ་བཞུགས་ཏེ་དབང་དང་གདམས་ངག་ཞུས་སོ། །དེ་སྤྱན་འདྲེན་པར་ཆུང་ཤོས་ཐང་ཆུང་བ་ཕྱིས་སུ་ངག་གི་དབང་ཕྱུག་ཏུ་གྲགས་པ་དེ་བྱོན་དེས་ཀྱང་ན་རོ་པ་ལ་བདེ་མཆོག་གི་དབང་དང་གདམས་ངག་མང་དུ་ཐོབ་ཀྱང་། ཡོངས་སུ་རྫོགས་པ་མ་གསན། དེ་ལ་གཅེན་འཇིགས་མེད་གྲགས་པས་ཁྱོད་ངག་གི་དབང་ཕྱུག་སྒྲུབས་གསུངས་པ་བཞིན། དེས་ཀྱང་བསྒྲུབ་པ་མང་དུ་བྱས་བསྒྲུབ་གཡོག་དང་བཅས་ཏེ་ཕྱིན་ནས། མེ་ཏོག་འབབ་ཆུ་ལ་བསྐྱུར་བས་དངོས་གྲུབ་ཆེན་པོའི་མེ་ཏོག་ཡར་ལོག་བྱུང་བ་ཁོང་ཡེངས་ནས་མ་མཐོང་། དངོས་གྲུབ་འབྲིང་གི་མེ་ཏོག་གཉིས་པ་ཡང་མ་མཐོང་། དངོས་གྲུབ་ཐ་མའི་མེ་ཏོག་གསུམ་པ་ལ་བསྒྲུབ་གཡོག་ཐུགས་རྗེ་ཆེན་པོས་མཐོང་སྟེ། རང་བཏུང་སྙམ་པ་ལ་ཇོ་བོས་བཀྱོན་གྱིས་དོགས་འཐུང་མ་ནུས་པར། བྱུང་ངོ་བྱས་པས་མཐོང་སྟེ་འཐུངས་པས། ངག་གི་དབང་ཕྱུག་