[A:༩༨ན]ཆེ་འབྲིང་གཉིས་མ་འགྲུབ་ཀྱང་། ཆུང་ངུ་ཚིགས་བཅད་འཛིན་པ་དང་རྩོམ་པ་ལ་ཐོགས་མེད་ཙམ་བྱུང་བས་ངག་གི་དབང་ཕྱུག་ཅེས་ཀྱང་གྲགས་སོ། །དེ་ནས་ཡང་གཅེན་འཇིགས་མེད་གྲགས་པས། ངག་གི་དབང་ཕྱུག་ལ་ཁྱོད་ཀློག་སྐྱ་ཤེས་རབ་རྩེགས་དང་འགྲོགས་ལ། འདིར་རྒྱུན་ཞག་གི་མེ་དང་། ཚེས་བཅུའི་མཆོད་པ་མ་ཆག་པར་བྱེད་པའི་ཆ་རྐྱེན་འཚོལ་བར་བོད་དུ་སོང་གསུངས་ནས། ཐང་ཆུང་བས་ཀློག་སྐྱ་དང་འགྲོགས་ཏེ་སྙལ་ཡན་ཆོད་དུ་བྱོན། དེ་དུས་ཇོ་བོ་བྷ་དནྟ་ཡང་ཐང་ཆུང་བའི་འཁོར་དུ་ཡོད་པས། ཁོང་གིས་རོང་ངུར་སྨྲིག་ཏུ་རྟ་གསོ་ཞིང་བསྡད་པས། ཞར་ལ་བྲང་ཏི་ལ་མངོན་པ་བོད་སྐད་དུ་གསན་པས་ཚར་གཅིག་གིས་ཐུགས་སུ་ཆུད་པས་མཁས་པར་གྱུར་ཏེ། སློབ་དཔོན་ལ་འགྲན་བཟོད་པ་བྱུང་ཞིང་། ཕྱིས་ཡོངས་སུ་རྫོགས་པའི་པཎྜི་ཏ་ཆེན་པོར་གྱུར་ཏོ། །དེ་ནས་ཁོང་རྣམས་ཀྱིས་གསེར་སྲང་ལྔ་བརྒྱ་རྙེད་དེ་ལོག་བྱོན་ཏེ། རྒྱུན་ཞག་དང་ཚོགས་འཁོར་གྱི་རྒྱུན་ཕྱིས་སུ་ཡང་མ་ཆག་པར་ཡོད་པར་གྲགས་སོ། །དེ་ནས་ཐང་ཆུང་བ་ལ་ཤ་ཁྲའི་ནད་བྱུང་སྟེ། དེ་ཡང་ཁོང་རང་དང་ཀློག་སྐྱ་གཉིས་ཀྱིས་པདྨའི་རྫིང་བུ་ལ་རྐྱལ་བྱས་པ་ལ་བརྟེན་ནས་བྱུང་ཡང་ཟེར། ཡང་འགའ་ཞིག་ཏུ། བོད་དུ་འབྱོན་དུས་བདེ་མཆོག་གི་བྲིས་སྐུ་ཞིག་འཁྱེར་བ་ལ་ཀླུ་བརྒྱད་རིག་མ་དང་བཅས་པ་བྲིས་ཡོད་པ། ཞལ་ཁེབ་ཆུང་བས་མ་ཁེབས་པར་སྣོད་མིན་གྱིས་མཐོང་བ་ལ་བརྟེན་ནས་བྱུང་བར་བཤད་དེ་གང་ལྟར་སེང་གེ་སྒྲའི་སྒྲུབ་པ་མཛད་པས་ནད་དེ་ལས་གྲོལ། དེ་ནས་ཕྱིས་རྣལ་