[A:༡༠༠ན]དང་རྩོད་པ་བྱས་ཏེ། གང་ཕམ་པ་དེའི་མགོ་ལ་ལྕང་ལི་འཇོག་པར་བྱས་པས། བླ་མ་རྒྱལ་ནས་ཁོང་གཉིས་ཀྱི་མགོ་ལ་ལྕང་ལི་བཞག་པས་དེ་གཉིས་བྲོས་ཏེ། ཁྱོད་ཕྱིའི་རྒྱ་མཚོ་ལ་ཐུག་གི་བར་དུ་བསྐྲད་ཀྱིས་ཟེར་བ་ལ། ང་བདེ་མཆོག་གི་རྣལ་འབྱོར་པ་ལ་ཁྱོད་ལྟ་བུས་གནོད་པ་བྱ་མི་ནུས་གསུངས་བསྲུང་འཁོར་མ་མཛད་པས། དེ་གཉིས་ཀྱིས་བསྐྲད་པའི་འཁོར་ལོ་བྱས་པའི་ནུས་པ་ཡིན་ཡང་གྲགས་ཏེ། དེ་ནས་སྐབས་ཤིག་ན། བླ་མ་བྷ་དནྟའི་ཞལ་ནས། ང་རྒྱ་ནག་རི་བོ་རྩེ་ལྔར་དངོས་གྲུབ་ཀྱི་རྫས་འགའ་ཞིག་ལེན་པར་འགྲོ་གསུངས། སུས་བཤོལ་བཏབ་ཀྱང་མ་གསན་པར་བྱོན། མི་ཉག་རྒྱལ་པོའི་བླ་མ་མཛད། དེར་དུས་ཕྱིས་ལྗོངས་རྒྱུ་ཞིང་བྱོན་པས་རྒྱ་ནག་གི་མཐའ་ཕྱིའི་རྒྱ་མཚོའི་འགྲམ་དུ་སླེབས་པ་ན། རྒྱ་མཚོ་ལ་གཟིགས་ནས་རི་དཀར་པོ་གནམ་ལ་ལང་པ་འདྲ་བ་འདི་ཅི་ཡིན་གསུངས་པས། ཕྱིའི་རྒྱ་མཚོ་ལགས་ཞུས་པས། སྔར་གྱི་དེ་དྲན་ཏེ། ཀྱེ་མ་ངས་དེ་ཙམ་ན་བསྲུང་བ་ཞིག་ཀྱང་མ་བྱས། དེ་བཟློག་པ་ལ་ཚེགས་མེད་པ་ལ། ང་བལ་པོ་རྒན་པོས་རང་ཡུལ་མ་མཐོང་བ་ཡིན་གསུངས། སླར་ལྗོངས་རྒྱུ་བ་ལས་ལོག་སྟེ། མི་ཉག་གི་ཡུལ་དུ་བདེ་མཆོག་གི་ལྷ་ཁང་བཞེངས། བདེ་མཆོག་གི་སྒོ་ནས་འགྲོ་བ་མང་པོ་སྨིན་གྲོལ་ལ་བཀོད། གཤེགས་པའི་ཚེ་ལྷའི་རོལ་མོ་སོགས་མཆོད་པ་སྣ་ཚོགས་དང་བཅས་དཔའ་བོ་དང་རྣལ་འབྱོར་མའི་ཚོགས་ཀྱིས་མཁའ་ལ་སྤྱོད་པའི་གནས་སུ་ཁྱེར་རོ། །དེ་ལ་དམར་པ་དོ་པ། རྔོག་ལོ། མལ་ལོ། ཀློག་སྐྱ་སོགས