[A:༡༠༠བ]་བོད་ཀྱི་ལོ་ཙཱ་བའི་སློབ་མ་མང་ཡང་། གདམས་པ་རྫོགས་པ་ནི་པུ་ཧྲང་ལོ་ཙཱ་བ་གྲགས་འབྱོར་ཤེས་རབ་ཡིན་ལ། འདིས་དང་པོ་ལྷོ་བལ་དུ་བྱོན་པའི་དུས་སུ་མར་དོ་དང་དཔོན་གཡོག་ཡིན་པས། པུ་ཧྲང་ལོ་ཆུང་ངུ་གྲགས། སྤྱིར་འདིས་རྒྱལ་པོའི་སྲས་དང་ཧ་ངུ་དཀར་པོ་ལ་སོགས་པ་བླ་མ་མང་པོ་ལ་བདེ་མཆོག་སོགས་གསང་སྔགས་མང་དུ་གསན། ཁྱད་པར་བྷ་དནྟ་ལ་བོད་དུ་བྱོན་པའི་གཙང་ལམ་དུ་བདེ་མཆོག་གི་ཆོས་བསྐོར་གསན་ནས་སྒྲུབ་པ་མཛད་ཅིང་། ཁྱད་པར་ན་རོ་པའི་མན་ངག་བསྐྱེད་པའི་རིམ་པ་ཕག་མོ་མཁའ་སྤྱོད། རྫོགས་པའི་རིམ་པ་རྩ་དབུ་མ། ཐུན་མོང་གི་མན་ངག་གནོད་སྦྱིན་མོ་དབང་དུ་བྱ་བ་ལ་སོགས་པ་བསྒྲུབས་པས་གྲུབ་སྟེ། དུས་ཕྱིས་ལ་སྟོད་ཤྲཱིའི་དགོན་པ་ཁང་དམར་ཞེས་པར་བཤད་སྒྲུབ་གཉིས་ཀ་མཛད་ཅིང་བཞུགས་པས། དེའི་སྙན་པ་དམར་ཆོས་ཀྱི་རྒྱལ་མཚན་གྱིས་གསན་ཏེ་དྲུང་དུ་བྱོན་པ་ལ། ལོ་ཙཱ་བས་བརྟགས་པས་སྣོད་ལྡན་དུ་དགོངས་དབང་དང་རྒྱུད་བཤད་སོགས་ཚང་བར་གནང་། དེ་ནས་ལོ་ཙཱ་བས་མཁའ་སྤྱོད་བསྒྲུབས་ན་འགྲུབ་པའི་ལྟས་ཤིག་གཟིགས་ཏེ། བཤད་ཉན་བཤོལ། དམར་ལ། ངས་ཞལ་གྱི་གདམས་པ་རྣམས་ཁྱོད་ལ་ཐུན་མཚམས་བུག་ཆོས་སུ་འཆད་དོ་གསུངས། ཤྲཱིའི་གད་ལོགས་ཆེན་པོ་ཞིག་ཡོད་པ་དེར། གོང་དུ་བླ་མའི་བཞུགས་ཁང་། དེ་འོག་དམར་གྱི་བཞུགས་ཁང་། ཐ་མར་ནག་ཚང་དང་ཉེ་གནས་འདུག་པ་རྣམས་ས་ཕུག་ཏུ་བྲུས། མདོར་གནམ་སྒོ་བྱས་སུ་ཡང་མི་ཐར་བ་བྱས་པའི་ས་ཕུག་གོང་མ་དེར་བླ་མ་བཞུགས་ཏེ་བཤོས་འདྲེན་པའི་བུག་པ་མ་གཏོགས་འདག་སྦྱར་