R132: དཔལ་ས་སྐྱ་པའི་ཡབ་ཆོས་ཀྱི་ཉིང་ཁུ་འཁོར་ལོ་སྡོམ་པའི་དམ་པའི་ཆོས་བྱུང་བའི་ཚུལ་ལེགས་པར་བཤད་པ་བདེ་མཆོག་ཆོས་ཀུན་གསལ་བའི་ཉིན་བྱེད།

  • Pagination (Witness A): ༡༠༡ན
[A:༡༠༡ན]མཛད་དེ། ངས་དངོས་གྲུབ་མ་ཐོབ་བར་སྒོ་འདི་ཕྱེ་ན། ཕྱོགས་སྐྱོང་དང་ཞིང་སྐྱོང་རྣམས་ཀྱིས་ངའི་མགོ་བོ་ཚལ་པ་བརྒྱར་ཁོས་གསུངས་ཏེ་སྒྲུབ་པ་ལ་བཞུགས་སོ། །དེ་ནས་རེ་ཞིག་ན། བླ་མའི་ཞལ་ནས་དམར་ལ། ནངས་པར་ངའི་གན་དུ་ཡོང་བ་འདྲ་ཡོད་པས་མ་འགོགས་པར་ཐོངས་ཤིག་གསུངས། ནངས་པར་པཎྜི་ཏ་གཅིག་དང་། བུད་མེད་བརྒྱད་དེ་དགུ་བྱུང་ནས། པུ་ཧྲང་ལོ་ཙཱ་བ་ལ་ཐོན་གྱིས་དང་ཟེར་བས། སྔར་གྱི་གསུང་དྲན་ནས་ཡར་བོས་བུག་སྒོའི་དྲུང་དུ་སོང་བ་ན། པཎྜི་ཏ་མགོར་བྱས་གྲལ་བསྒྲིགས་ཏེ་གསུང་གླེང་དི་རི་རི་གྲག་པས། དམར་གྱིས་ཅི་ཡིན་ནམ་སྙམ་ལྟར་ཕྱིན་པས། མཁྱེན་ནས་བལྟར་མི་རུང་སོང་གསུངས་བྱོན་པས། དར་ཅིག་ན་གསུང་ཆག་ནས། ཡང་དམར་ཆེན་པོ་དལ་གྱིས་གཟིགས་སུ་བྱོན་པས། བུག་སྒོ་ནི་སྔར་ལྟར་གནས། གསུང་དེ་ནང་དུ་གྲག་ནས་བལྟས་པས་ཁོང་དག་གྲལ་སྔར་ལྟར་བྱས། ལོ་ཙཱ་བ་གྲལ་མཇུག་ན་འདུག་པ་ལ། པཎྜི་ཏས་གསེར་གྱི་ཡི་གེ་འོད་ལམ་པ་ཞིག་རིམ་གྱིས་ཕྱག་བརྒྱུད་བླ་མ་ལོ་ཙཱ་བ་ལ་གཏད་ཀྱིན་འདུག་པ་བླ་མས་ཀྱང་བཞེས་ཏེ་མིད་སོང་བས་སྐུ་ལུས་འོད་ཀྱི་གོང་བུར་གྱུར་ཕུག་པ་ཡང་འོད་ཀྱིས་གང་བས། བ་སྤུ་གཡོ་ཞིང་མཆི་མ་འཁྲུག་སྒོམ་རང་བབས་སུ་བྱུང་། དེ་གསན་གྱིས་དོགས་རང་གནས་སུ་བྱོན་པས། ཡུད་ཙམ་ན་བླ་མས་ཏིང་ཏིང་ཤག་གི་སྒྲ་བྱུང་ནས་བྱོན་པས་སྔོན་ལྟར་ཁོང་རྣམས་སྒོ་དྲུང་ན་འདུག །བུག་སྒོ་ནི་སྔར་བཞིན་འདུག་པ་ན། བླ་མའི་ཞལ་ནས། འདི་དག་ལ་བསྙེན་བཀུར་གྱིས། ཕ་ཚད་སྐྱོལ་གསུངས། དེ་བཞིན་བྱས། སླར་བླ་མའི་དྲུང་དུ་ཕྱིན་