[A:༡༠༡བ]ཏེ་དད་ཤུགས་ཆེན་པོས་མཆི་མས་གང་བཞིན་དུ། སྔར་གྱི་དེ་རྣམས་ཅི་ལགས་ཞུས་པས། ཁྱོད་ཀྱིས་མཐོང་ངམ་གསུངས། མཐོང་ཞུས་པས། ཁྱོད་ཀྱིས་སྒྲུབ་པའི་གྲོགས་བྱས་ན་མཁའ་སྤྱོད་དུ་འགྲོ་བར་འདུག་པ་ལ། འོན་ཀྱང་ཁྱོད་ལ་འཁོར་ལོ་བདེ་མཆོག་གིས་ཞལ་སྟོན་ཅིང་བྱིན་གྱིས་བརླབས་པར་འདུག་གོ་གསུངས། དེ་ལྟ་བུའི་པཎྜི་ཏ་དེ་ཧེ་རུ་ཀ བུད་མེད་བརྒྱད་སྒོ་མཚམས་མ་བརྒྱད། ཡི་གེ་དེ་བདེ་མཆོག་གི་རྩ་སྔགས་ཡིན་པར་གྲགས་སོ། །དེའི་མཚན་མོ་ལོ་ཙཱ་བ་ཉིད་མཁའ་སྤྱོད་དུ་སྤྱན་དྲངས་སོ། །ནངས་པར་དམར་གྱིས་ཉེ་གནས་ལ། མདང་གི་ལྟས་དེ་མི་དགེ རང་རེ་བླ་མའི་སྤྱན་སྔར་འདོང་བྱས་ཏེ་ཕྱིན་ནས་བུག་སྒོ་ནས་བོས་པས་གསུང་མ་བྱུང་། བལྟས་པས་ཕྱ་རུ་ཤུལ་ལྷང་ངེ་འདུག་པས་སྒོ་ཕྱེ་སྟེ་ན་བཟའ་སོགས་བྱིན་རླབས་ཀྱི་རྟེན་དུ་སུས་ཐོབ་བྱས་སོ། །དེ་ནས་ཕྱིས་སུ་ཁམས་པ་ལོ་ཙཱ་བ་ཞིག་གིས་བལ་པོར་ཕྱིན་པས། བལ་པོ་ཀ་ན་ཀ་ཤྲཱིས་བོད་ན་གཏམ་ངོ་མཚར་ཅན་གསར་པ་ཅི་འདུག་གསུངས། དེས་གཞན་མི་གདའ་པུ་ཧྲང་ལོ་ཆུང་མཁའ་སྤྱོད་དུ་གཤེགས་ཟེར། ལ་ལ་ཉེ་གནས་ཀྱིས་ཁུངས་མེད་དུ་བཀྲོངས་ཀྱང་ཟེར་ཐེ་ཚོམ་དུ་བག་ཙམ་གྱུར་ནས་གདའ་བྱས་པས། དེ་ཀ་འདྲི་བ་ཡིན། ཁོང་མཁའ་འགྲོ་མ་གཉིས་ཀྱི་ཕྲག་པར་ཁུར་ནས་གདའ། ང་ལ་འཕྲད་དུ་བྱུང་། ངས་ཁོང་པ་ལ་འབར་ནས་བཞག ཁོང་མཁའ་སྤྱོད་དུ་སོང་གསུངས་སོ། །དེ་ལྟ་བུའི་ལོ་ཙཱ་བ་ཆེན་པོ་དེ་ལ་བླ་མ་ས་སྐྱ་པ་ཆེན་པོས་བདེ་མཆོག་གི་ཆོས་སྐོར་ཅི་རིགས་པ་གསན་ཅིང་།