[A:༡༠༢ན] སྲས་རྗེ་བཙུན་སྐུ་མཆེད་སོགས་ལ་སྤེལ་ཏེ་ལུགས་དེ་ལ་བདེ་མཆོག་པུ་ཧྲང་ལུགས་སུ་གྲགས་པ་ཡིན་ནོ། །ཡང་རྗེ་བཙུན་ན་རོ་ཏ་པ་ཆེན་པོའི་འཁོར་ལོ་བདེ་མཆོག་གི་གདམས་པ་སློབ་བཤད་ཟབ་མོ་ཚང་ལ་མ་ནོར་བ་ཡོངས་སུ་བཞུགས་པའི་སློབ་མའི་མཆོག་དཔལ་ཕམ་ཐིང་པ་ཆེན་པོའི་དྲུང་དུ་ཀློག་སྐྱ་ལོ་ཙཱ་བ་ཤེས་རབ་བརྩེགས་ཀྱིས་ལོ་བཅོ་བརྒྱད་བཞུགས་ནས་འཁོར་ལོ་བདེ་མཆོག་གི་ཆོས་སྐོར་ཆ་ཚང་བ་ཞིག་ལ་སོགས་པ་ཆོས་བསམ་གྱིས་མི་ཁྱབ་པ་གསན། དེ་ཉིད་ལ་བླ་ཆེན་མལ་གྱིས་དང་པོར་བདེ་མཆོག་གི་ཆོས་སྐོར་ཆ་ཚང་ཞིག་གསན་ཅིང་། ཕྱིས་སུ་མལ་ལོ་ཆེན་པོས་བལ་པོར་བྱོན་ནས་ན་རོ་པའི་སློབ་མ་ཁ་ཆེ་བྱང་ཆུབ་བཟང་པོ་དང་། ཀ་ན་ཀ་ཤྲཱིའི་སློབ་མ་བལ་པོ་ཐུགས་རྗེ་ཆེན་པོ་དང་། བྷ་དནྟ་རྣམས་ལའང་བདེ་མཆོག་གི་ཆོས་སྐོར་མང་དུ་གསན། ཁྱད་པར་ཕམ་ཐིང་པ་སྐུ་མཆེད་ལ་ལཱུ་ནག་དྲིལ་གསུམ་སོགས་གསང་མཐའི་དབང་གདམས་ངག་དང་བཅས་པ། རྩ་བཤད་ཀྱི་རྒྱུད་ཀྱི་བཤད་བཀའ་རྣམས་ལེགས་པར་མནོས་ཏེ། སྤྱིར་བླ་མ་མལ་ལོ་ཙཱ་བ་འདིས་བདེ་མཆོག་རྩ་རྒྱུད་ཀྱི་བཤད་བཀའ་ལན་གྲངས་བདུན་ཅུ་རྩ་གསུམ་གསན་ཅིང་། དེ་ཐམས་ཅད་ལ་ལེའུ་རེ་ལ་ཚོགས་འཁོར་རེ་ཡང་མཛད། བསྐྱེད་པའི་རིམ་པ་ལ་བརྟན་པ་ཐོབ། ཡི་གེ་བདུན་པའི་ལས་ཚོགས་ཐོགས་མེད་དུ་གྲུབ་ཅིང་། སྒྲུབ་པ་ལ་བརྩོན་པས་གྲོངས་ཁའི་བར་ཐུན་བཞིའི་རྣལ་འབྱོར་མ་ཆག་པར་མཛད། གཤེགས་པའི་ཚེ་སྐུ་ལུས་ལ་རྒྱན་