R132: དཔལ་ས་སྐྱ་པའི་ཡབ་ཆོས་ཀྱི་ཉིང་ཁུ་འཁོར་ལོ་སྡོམ་པའི་དམ་པའི་ཆོས་བྱུང་བའི་ཚུལ་ལེགས་པར་བཤད་པ་བདེ་མཆོག་ཆོས་ཀུན་གསལ་བའི་ཉིན་བྱེད།

  • Pagination (Witness A): ༡༠༣ན
[A:༡༠༣ན]ཐང་ན་ལ་རྩེ་གནས་གསར་བ་བཞུགས་པའི་དྲུང་དུ་བྱོན་པས། དེ་དུས་བླ་མས་སློབ་མའི་སྣོད་བརྟག་པའི་ཕྱིར་དང་། ཇོ་སྲས་ཀྱི་གྲགས་པ་ཡོད་མེད་བརྟག་པའི་ཕྱིར་བདེ་མཆོག་གི་བཤད་པ་ཞུས་པ་རྣམས་ཚོགས་བཤད་ཁྱུགས་མ་ལས་མ་གནང་། དེ་ནས་ས་སྐྱ་པ་ཆེན་པོས་མར་བྱོན་པས་ལམ་དུ་གསེར་སྲང་བཅུ་བདུན་ཆོས་ཡོན་དུ་བྱུང་བ་དག་བླ་མ་མལ་གྱི་དྲུང་དུ་འབུལ་བར་བཏང་པས་བླ་མ་མཉེས་ཏེ། སྣོད་ལྡན་དམ་ཚིག་པར་འདུག་པ་ལ་ངས་ཅུང་མ་ཤེས། ད་ང་རྒས་རིང་པོ་མི་ཐུབ་པས་ཆོས་ཀྱི་ལྷག་མ་ཡོད་པས་འདི་ཚོ་ལེན་པར་མྱུར་དུ་རང་ཅིས་ཀྱང་བྱོན་གསུངས་པ་ན། བླ་ཆེན་གྱིས་སླར་ཡང་གུང་ཐང་དུ་བྱོན་པས། གཤིན་རྗེ་གཤེད་སྐོར་ངན་སོང་སྦྱོང་རྒྱུད། མགོན་པོའི་ཆོས་སྐོར་འཆམ་མགོན་རྟེན་དང་བཅས་པ་དང་། ཁྱད་པར་ཟབ་མོའི་མཐར་ཐུག་འཁོར་ལོ་བདེ་མཆོག་ལཱུ་ནག་དྲིལ་གསུམ། ན་རོ་མཁའ་སྤྱོད་དང་བཅས་པའི་དབང་བཀའ་བཤད་བཀའ་ལུང་བཀའ་མན་ངག་གི་བཀའ་ལ་སོགས་པ་བླ་ཆེན་མལ་གྱི་ཆོས་ལུགས་ཀུན་ཚང་བར་སྩལ་པ་ཡིན་ནོ། །དེ་ནས་དགུང་ལོ་ཉེར་དགུ་བཞེས་པའི་ཚེ་བསེ་འབག་ནག་པོ་འཕུར་ཤེས་གུང་ཐང་ནས་གདན་ས་ཆེན་པོ་འདིར་ཕེབས། དེ་ནས་བཟུང་སྟེ་ལོ་བཞིའི་བར་དུ་ཞང་སྟོན་རྗེ་ལ་གསུང་ངག་ཡོངས་སུ་རྫོགས་པར་མནོས། སླར་དགུང་ལོ་ཞེ་བདུན་པའི་ཚེ་རྣལ་འབྱོར་དབང་ཕྱུག་དཔལ་ལྡན་བིརྺ་པ་གཙོ་འཁོར་ལྔ་དཔལ་ས་སྐྱ་འདིར་དམ་ཆོས་སྒོ་སྐྱེལ་གྱི་ཚུལ་དུ་བྱོན་ནས། རྒྱུད་སྡེ་བདུན་ཅུ་རྩ་གཉིས། ལྕགས་