R132: དཔལ་ས་སྐྱ་པའི་ཡབ་ཆོས་ཀྱི་ཉིང་ཁུ་འཁོར་ལོ་སྡོམ་པའི་དམ་པའི་ཆོས་བྱུང་བའི་ཚུལ་ལེགས་པར་བཤད་པ་བདེ་མཆོག་ཆོས་ཀུན་གསལ་བའི་ཉིན་བྱེད།

  • Pagination (Witness A): ༡༠༤ན
[A:༡༠༤ན]གནང་སྟེ། གདུལ་བྱ་སྐལ་ལྡན་ལ་འཇམ་དབྱངས། ཕྱག་ན་པདྨ། བིརྺ་པ་དང་གསུམ་གྱི་དག་པའི་སྣང་བ་བསྟན། ཞེ་གཅིག་པ་ཆུ་ཕོ་སྟག་གི་སྨལ་ཟླའི་ཚེས་བཅུ་གཅིག་ལ་དག་པའི་ཞིང་དུ་གཤེགས་པ་ཡིན་ཏེ། རྗེ་བཙུན་རིན་པོ་ཆེས་མཛད་པའི་གསོལ་འདེབས་གདུང་དབྱངས་མའི་མཆན་ལས། ཚེས་བཅུའི་དགོང་རྗེ་བཙུན་སྐུ་མཆེད་སོགས་ཀྱིས་ཚེས་བཅུའི་མཆོད་པ་མཛད། ནངས་པར་རྗེ་པས་བྱོན་པས་ན་བཟའ་སྦུ་གུ་ཐིབ་པ་སྐུ་ལུས་མ་སྤངས་པར་མཁའ་སྤྱོད་དུ་གཤེགས། གདུངས་དབྱངས་ཀྱིས་གསོལ་བ་དྲག་ཏུ་བཏབ་པས། ན་བཟའི་སྦུ་གུ་ནས་བུང་བའི་སྐད་ལྟ་བུའི་ལུང་བསྟན་ཁྱད་པར་ཅན་བྱུང་ཞེས་བཤད་པས་སྐུ་ལུས་མ་སྤངས་པར་མཁའ་སྤྱོད་ཆེན་པོར་གཤེགས་པ་ཡིན་ལ། དེའི་གཅུང་རྗེ་བཙུན་རིན་པོ་ཆེ་གྲགས་པ་རྒྱལ་མཚན་ནི། སྟོན་པ་མྱ་ངན་ལས་འདས་ནས་ལོ་སུམ་སྟོང་ཉིས་བརྒྱ་དང་བརྒྱད་ཅུ་ལོན་པ་མེ་མོ་ཡོས་ལ་སྐུ་བལྟམས། དགུང་ལོ་བརྒྱད་བཞེས་པའི་ཚེ་བྱང་སེམས་ཟླ་བ་རྒྱལ་མཚན་ལ་ཚངས་སྤྱོད་དགེ་བསྙེན་གྱི་སྡོམ་པ་མནོས། དེ་ཙམ་ནས་བཟུང་ཡབ་བླ་མ་ཆེན་པོ། གཅེན་སློབ་དཔོན་རིན་པོ་ཆེ། གཉན་ཕུལ་ཆུང་པ། རྒྱ་སྒོམ་ཚུལ་ཁྲིམས་གྲགས་པ་ལ་སོགས་པ་ཡོངས་འཛིན་དུ་མ་ལ་སྤྱིར་ཟབ་པ་དང་རྒྱ་ཆེ་བའི་ཆོས་ཚུལ་བསམ་གྱིས་མི་ཁྱབ་པ་ཞིག་གསན་ནས་ཐུགས་སུ་ཆུད་པར་མཛད། ཁྱད་པར་ཡབ་ལ་མངའ་བའི་འཁོར་ལོ་བདེ་མཆོག་གི་ཆོས་སྐོར་ལཱུ་ནག་དྲིལ་གསུམ་ན་རོ་