R132: དཔལ་ས་སྐྱ་པའི་ཡབ་ཆོས་ཀྱི་ཉིང་ཁུ་འཁོར་ལོ་སྡོམ་པའི་དམ་པའི་ཆོས་བྱུང་བའི་ཚུལ་ལེགས་པར་བཤད་པ་བདེ་མཆོག་ཆོས་ཀུན་གསལ་བའི་ཉིན་བྱེད།

  • Pagination (Witness A): ༡༠༤བ
[A:༡༠༤བ]མཁའ་སྤྱོད་ཀྱི་གདམས་པ་སོགས་བུམ་པ་གང་བྱོའི་ཚུལ་དུ་གསན། དགུང་ལོ་བཅུ་གཅིག་པའི་ཚེ་དགྱེས་པ་རྡོ་རྗེ་རྒྱུད་གསུམ་གྱི་པོ་ཏི་གསོལ་བའི་སྣང་བ་བྱུང་ནས་ཆོས་ཐམས་ཅད་ཀྱི་དེ་ཁོ་ན་ཉིད་ཐུགས་སུ་ཚུད་པར་གྱུར། དགུང་ལོ་བཅུ་གསུམ་པའི་ཚེ་དཔལ་ས་སྐྱའི་གདན་ས་མཛད། དགུང་ལོ་ཉི་ཤུ་ཙམ་བཞེས་པའི་ཚེ་མནལ་གྱི་འོད་གསལ་དུ་འཇམ་དཔལ་མཚན་བརྗོད་ཕྱེད་ཙམ་འདོན་པ་དང་། དུས་ཅིག་ན་མནལ་ལམ་དུ་སྐྱེ་བ་སྔ་མ་ལ་བཟུང་བ་ཡིན་གསུངས་ཏེ་མཚན་བརྗོད་ཚར་གཅིག་ཞལ་འདོན་དུ་མཛད་པའི་རྗེས་སུ་ཁྱོད་ཀྱི་སྐྱེ་བ་བདུན་གྱི་བར་གྱི་ཡི་དམ་གྱི་ལྷ་འཕགས་པ་འཇམ་དཔལ་ཞེས་ལུང་བསྟན་པ་རྨིས། དགུང་ལོ་ཉེར་གཉིས་པའི་ཚེ་ཡང་མནལ་གྱི་འོད་གསལ་དུ་རྒྱ་གར་ཤར་ཕྱོགས་བྷ་རནྟྲར་སྔགས་པའི་པཎྜི་ཏ་བགྲེས་པོ་ཅིག་ཏུ་སྐུའི་སྐྱེ་བ་བཞེས་པའི་ཚེ། བྷ་རནྟྲའི་བྱང་ངོས་སུ་རྒྱལ་པོ་ཞིག་གིས་ལྷ་ཁང་བཞེངས་དེའི་རབ་གནས་ཞུས་པས། ང་རྒས་ནས་རབ་གནས་མི་ནུས་ངའི་མིང་སྒོ་མཐའ་ཡས་པའི་བློ་གྲོས་བྱ་བ་ཡིན། མིང་དེ་སྒོ་གོང་དུ་བྲིས་ལ་ཞོག་དེས་བར་ཆད་བསྲུང་བ་ཡིན། དེ་ནས་ངའི་སློབ་མ་པཎྜི་ཏ་གཞན་ཞིག་ལ་ཞུས་ཞེས་གསུངས་པ་སོགས་པཎྜི་ཏ་སྒོ་མཐའ་ཡས་པའི་བློ་གྲོས་ཀྱི་སྐྱེ་བ་དྲན་པ་དང་། གཞན་ཡང་པཎྜི་ཏ་དེ་ལས་འཕོས་ནས་མ་ག་དྷའི་བྱ་རྒོད་ཕུང་པོའི་རིའི་བྱང་ངོས་སུ་བཙུན་པའི་པཎྜི་ཏ་ཞིག་ཏུ་འཁྲུངས་པ། དེ་འདས་ནས་ཨུ་རྒྱན་གྱི་ཡུལ་དུ་དཔོན་བཙུན་གྱི་པཎྜི་ཏ་ཞིག་ཏུ་འཁྲུངས་པ་རྣམས་གསལ་བར་དྲན། དེ་ནས་སྐུའི་སྐྱེ་བ་གཉིས་ཡོད་པ་མནལ་ལམ་དུ་དྲན་ཀྱང་