R132: དཔལ་ས་སྐྱ་པའི་ཡབ་ཆོས་ཀྱི་ཉིང་ཁུ་འཁོར་ལོ་སྡོམ་པའི་དམ་པའི་ཆོས་བྱུང་བའི་ཚུལ་ལེགས་པར་བཤད་པ་བདེ་མཆོག་ཆོས་ཀུན་གསལ་བའི་ཉིན་བྱེད།

  • Pagination (Witness A): ༡༠༦ན
[A:༡༠༦ན]བཙུན་ལ་ཁྲོས་པ། མ་ཤི་བ་དེ་སླར་དམ་ཚིག་གསོས་པས་ངན་སོང་དུ་མི་འགྲོ་བ། དང་པོར་ལམ་ཁར་ལུས་པ་དེ་དག་ཅུང་ཟད་ལམ་བསྒོམ་པ། ལམ་གཉིས་ཀའི་ཁར་ལུས་པ་དེ་དག་ཅུང་ཟད་རྟོགས་པ་སྐྱེས་པ། སུམ་ཅུ་ཙམ་མ་ཐར་བ་དེ་སྔ་མ་ལས་རྟོགས་པ་ཅུང་ཟད་མཐོ་བ། ཕྱི་བཞིན་དུ་སླེབ་པ་དེ་དག་བཟོད་པ་ཐོབ་པ་སྟེ། བླ་མ་ས་ཆེན་གྱི་སློབ་མ་སྟག་ལྟ་བུ་ལུས་མ་སྤངས་པ་ནི་མི་འོངས། ཞུ་ཡས་ལྟ་བུའི་བཟོད་ཐོབ་ལྔ་དྲུག་ཙམ་ཡོང་བར་འདུག་གསུངས་སོ། །དགུང་ལོ་ལྔ་བཅུ་ང་དྲུག་པའི་ཚེ་མཚན་གྱི་འོད་གསལ་གྱི་ངང་ལས། བླ་མ་ས་ཆེན་གྱི་སྐུ་ཡེ་ཤེས་ཀྱི་སྣང་བ་བསྟན་ནས་ལམ་འབྲས་ཤིན་ཏུ་ཉེ་བརྒྱུད་ཅེས་གྲགས་པ་བརྡ་དོན་གསལ་བའི་བཀའ་དྲིན་མཆོག་ཏུ་མནོས། དགུང་ལོ་རེ་གཅིག་གི་དུས་ཆ་ལུང་རྡོ་རྗེའི་བྲག་རྫོང་དུ་བཞུགས་སྐབས་མནལ་ལམ་དུ། ནེའུ་གསིང་ཞིག་གི་སྟེང་ན་བཞུགས་འདུག་པ་ལ་བུད་མེད་ཅིག་གིས་མཁའ་སྤྱོད་དུ་བྱོན་ཟེར་བ་ལ། ང་མཁའ་སྤྱོད་ཀྱིས་ཅི་བྱ། སངས་རྒྱས་ཀྱང་སེམས་ཅན་གྱི་དོན་ལས་མེད་མི་འགྲོ་གསུངས། ཡང་རྡོ་དཀར་འཇམ་ཞིག་གི་སྟེང་ན་འཁོད་ནས། འདིའི་སྟེང་དུ་ཞབས་བཞག་ན་མཁའ་སྤྱོད་དུ་འགྲོ་ཟེར་བ་བྱུང་། དགུང་ལོ་རེ་བདུན་པའི་ཚེ་བླ་ཆེན་ལ་བྱང་སེམས་བརྒྱད་ཀྱིས་སྐོར་བ། གཡས་སུ་ཀྱཻ་རྡོ་རྗེ་ལྷ་དགུ། གཡོན་དུ་ཤཱཀྱ་ཐུབ་པ་ལ་དགྲ་བཅོམ་བརྒྱད་ཀྱིས་བསྐོར་བའི་རྣམ་འཕྲུལ་བསྟན་ཏེ། བླ་ཆེན་གྱི་ཞལ་ནས། ཁྱོད་རབ་ཏུ་བྱུང་ན་སུ་ལ་འབྱུང་། དབང་བསྐུར་ལེན་ན་གང་ལས་ལེན་གསུངས་པས། བདག་རབ་བྱུང་ངམ་