R132: དཔལ་ས་སྐྱ་པའི་ཡབ་ཆོས་ཀྱི་ཉིང་ཁུ་འཁོར་ལོ་སྡོམ་པའི་དམ་པའི་ཆོས་བྱུང་བའི་ཚུལ་ལེགས་པར་བཤད་པ་བདེ་མཆོག་ཆོས་ཀུན་གསལ་བའི་ཉིན་བྱེད།

  • Pagination (Witness A): ༡༠༦བ
[A:༡༠༦བ]དབང་ལེན་པའི་མཁན་པོ་དང་སློབ་དཔོན་དུ་གྱུར་པ་ནི་ཆོས་རྗེ་ཉིད་དོ་ཞེས་ཞུས་པས་དེ་དེ་བཞིན་ནོ་ཞེས་གསུངས་ཏེ་དབུགས་དབྱུང་། དགུང་ལོ་རེ་བརྒྱད་བཞེས་པའི་ཚེ་བདེ་བ་ཅན་དུ་སྤྱན་འདྲེན་པའི་ལྷའི་ཕོ་ཉ་བྱུང་བ་ལྡོག རེ་དགུ་པའི་ཚེ་བདེ་བ་ཅན་གྱི་བསྔགས་པ་དང་། ཞིང་འདིའི་མི་བསྔགས་པ་བརྗོད་ཅིང་སྤྱན་འདྲེན་པ་ན། ཁོ་བོ་ཞིང་བཟང་ངན་ལ་བདེ་སྡུག་མེད། ཞིང་སྦྱོང་བ་ལ་དམན་པ་ངོས་ཁྱད་པར་འཕགས། ཁོ་བོ་ལ་ལྟོས་བཅས་འགའ་འང་ཡོད་གསུངས་ནས་ལྡོག དེ་ནས་བདུན་ཅུ་པའི་ཚེ་ཅིས་ཀྱང་གཤེགས་ཟེར་ཞིང་། བདེ་བ་ཅན་གྱི་ཞིང་བཀོད་ཀྱང་རྗེ་བཙུན་ཉིད་ཆོས་རྗེ་ས་པཎ་དྲུང་ན་ཡོད་པས་གཉིས་ཀས་གཟིགས། དེར་ཆོས་རྗེ་ལ་ཁོ་བོ་རེ་ཞིག་བདེ་བ་ཅན་དུ་འགྲོ དེར་རྒྱུན་མི་རིང་བ་ཞིག་བསྡད། དེ་ནས་གསེར་མདོག་ཅན་དུ་འཁོར་ལོས་བསྒྱུར་བའི་ཆ་བྱད་ཀྱིས་ཞིང་སྦྱོང་བར་བྱེད། དེ་ནས་སྐྱེ་བ་གསུམ་པ་དེ་ལ་ལུས་མ་སྤངས་པར་ཕྱག་ཆེན་མཆོག་གི་དངོས་གྲུབ་ཐོབ་ཏུ་རེ་བ་ཡིན་གསུངས་ཏེ་དག་པའི་ཞིང་མཆོག་བདེ་བ་ཅན་དུ་གཤེགས་སོ། །རྗེ་བཙུན་དེ་ལ་སྤྱིར་སློབ་མའི་མཆོག་གྲགས་པའི་མཐའ་ཅན་བཞི། གྲགས་པ་མི་བརྒྱད། གུར་རྒྱན་ཞུ་བ་པོའི་སློབ་བུ་བཞི། རིག་འཛིན་སྡོམ་བརྩོན་ལྡན་པ་བཞི་ལ་སོགས་པ་བསམ་གྱིས་མི་ཁྱབ་པ་བྱུང་པ་ལས། དམ་ཆོས་བརྒྱུད་འཛིན་གྱི་གཙོ་བོ་ནི་བདག་ཉིད་ཆེན་པོ་ས་སྐྱ་པཎྜི་ཏ་ཀུན་དགའ་རྒྱལ་མཚན་ཏེ། འདི་ནི་སྟོན་པ་མྱ་ངན་ལས་འདས་ནས་ལོ་སུམ་སྟོང་སུམ་བརྒྱ་