R132: དཔལ་ས་སྐྱ་པའི་ཡབ་ཆོས་ཀྱི་ཉིང་ཁུ་འཁོར་ལོ་སྡོམ་པའི་དམ་པའི་ཆོས་བྱུང་བའི་ཚུལ་ལེགས་པར་བཤད་པ་བདེ་མཆོག་ཆོས་ཀུན་གསལ་བའི་ཉིན་བྱེད།

  • Pagination (Witness A): ༡༠༨ན
[A:༡༠༨ན] ཕྱོགས་སྤྲུལ་པ་སྡེའི་ལྷ་ཁང་ཞེས་ཕྱོགས་ཀུན་ཏུ་གྲགས་ཤིང་དེང་སང་གི་བར་དུ་ཡོད་པར་འདུག་གོ །བདུན་ཅུ་པའི་བར་དུ་རྒྱ་ནག་གི་ཡུལ་དུ་བཤད་སྒྲུབ་གཉིས་ཀྱི་སྒོ་ནས་བསྟན་པ་སྤེལ། ལྕགས་ཕག་སྨལ་པོ་ཟླ་བའི་ཚེས་བཅུ་བཞིའི་ཐོ་རངས་ཞི་བར་གཤེགས་པའི་ཚུལ་བསྟན། སྐུའི་སྐྱེ་བ་ཕྱི་མ་ལ་མཁའ་ལ་སྤྱོད་པའི་རིག་པ་འཛིན་པར་གྱུར། གཉིས་པའི་ཚེ་ཤར་ཕྱོགས་མུ་མུ་ནིར་རྒྱལ་པོ་ཉི་མ་སྟོབས་འཕེལ་གྱི་སྲས་སུ་འཁྲུངས་ཏེ་རྟེན་དེ་ཡན་ཆད་ལ་ས་ལམ་ཕལ་ཆེར་བགྲོད། དེ་ནས་གསུམ་པའི་ཚེ་མངོན་པར་དག་པའི་ཞིང་ཁམས་སུ་བདེ་བར་གཤེགས་པ་དྲི་མ་མེད་པའི་དཔལ་ཞེས་བྱ་བར་སངས་རྒྱས་སོ། །ཆོས་རྗེ་དེ་ལ་སློབ་མའི་མཆོག་རྟོགས་པའི་བརྒྱུད་འཛིན་ཚོགས་གྲུབ་དབོན་གསུམ། མན་ངག་བརྒྱུད་འཛིན་ལྷོ་དམར་རྣམ་གཉིས། བཤད་པའི་རྒྱུད་འཛིན་ཤར་ནུབ་གུང་གསུམ། སྡོམ་ཕྲུག་བསྒྲེས་པ་དཔལ་བཟང་གི་མཐའ་ཅན་བཅུ་གཉིས། གཞོན་པ་རྒྱལ་མཚན་གྱི་མཐའ་ཅན་བརྒྱད། གཞན་ཡང་ལོ་ཆེན་བཞི་སྦས་པའི་རྣལ་འབྱོར་ཆེན་པོ་བཞི། མཁས་བཙུན་ཆེན་པོ་བཞི་ལ་སོགས་པ་སམ་གྱིས་མི་ཁྱབ་པ་ཞིག་བྱོན་པའི་ནང་ནས་གཙོ་བོར་གྱུར་ཅིང་ཆོས་འདིའི་རྒྱུད་པ་འཛིན་པ་ནི་ཆོས་རྒྱལ་འཕགས་པ་བློ་གྲོས་རྒྱལ་མཚན་ཏེ། སངས་རྒྱས་མྱ་ངན་ལས་འདས་ནས་ལོ་སུམ་སྟོང་སུམ་བརྒྱ་དང་དྲུག་བཅུ་རེ་དགུ་པའི་ཚེ་སྐུ་བལྟམས། འདི་ནི་སྤྱན་རས་གཟིགས་དང་གསུང་གླེང་མཛད་པའི་སེ་སྟོན་རི་པ་བྱ་བའི་སྐུའི་སྐྱེ་བ། དགུང་ལོ་