[A:༡༣༡བ]ཀྱང་མཐའ་ཡས་པ་ཞིག་སྩོལ་བ་ལ་ཐོགས་པ་མེད་པས་ལུང་གི་ཡོན་ཏན་གྱི་མཛོད་མངའ། རྗེ་ཉིད་ཡ་མའི་གདན་སར་བཞུགས་དུས། རྗེ་སེམས་དཔའ་ཆེན་པོས་ཀྱང་ད་ལྟ་ཡ་མ་ཕུ་ན་བླ་མས་འཆད་ཤེས། སློབ་མས་ཉན་ཤེས་པའི་འཆད་ཉན་རྣམ་དག་དེ་ཡོད་པ་ཡིན་ཞེས་བསྟོད་བཀུར་གྱི་བསྔགས་པའི་སྒྲ་དབྱངས་སྒྲོག་པར་མཛད། མདོར་ན་དགུང་ལོ་དགུ་པ་ལ་རབ་ཏུ་བྱུང་བ་ནས། རེ་བཞི་པའི་བར་དུ་བསྟན་པ་རིན་པོ་ཆེའི་བྱ་བ་ཁོ་ན་མཛད་དེ། ས་ཕག་ཧོར་ཟླ་བཅུ་གཉིས་པའི་གནམ་སྟོང་གི་ཉིན་དཔལ་ངམ་རིང་གི་རྒྱལ་ཁབ་ཆེན་པོར་ངོ་མཚར་རྨད་དུ་བྱུང་བའི་རྣམ་འཕྲུལ་མང་པོ་དང་བཅས་ཏེ་སྐུ་ཐིམ་པའི་ཚུལ་བསྟན། དེ་ནས་ཆོ་འཕྲུལ་ཟླ་བའི་ཚེས་བརྒྱད་ཀྱི་བར་ཞལ་དཀྱིལ་གཟི་མདངས་དང་ལྡན་ཞིང་འོད་ཟེར་འཕྲོ་བ་དང་། ངམ་རིང་རྩེ་ཤོད་ཐམས་ཅད་དྲོད་ཀྱིས་ཁྱབ་སྟེ་ཡོན་ཆབ་དང་ཞལ་ཟས་སོགས་ཀྱང་མི་འཁྱག་པ་དང་། དེ་ནས་ཚེས་བརྒྱད་ཀྱི་ཐོ་རངས་ཐུགས་དམ་དེ་ལས་གྲོལ་ཏེ། རྗེ་སེམས་དཔའ་ཆེན་པོ་བཞུགས་པའི་དྲུང་བདེ་བ་ཅན་དུ་གཤེགས་སོ། །དེ་ནས་སྔར་བཞིན་ཡོན་ཆབ་སོགས་ཀྱང་འཁྱག་པ་ཞིག་བྱུང་བས་ཀུན་གྱིས་ངོ་མཚར་དུ་འཛིན་པ་བྱུང་ཞེས་ཐོས་སོ། །དེ་ལ་སློབ་མའི་མཆོག་མང་ཡང་། དཔལ་འཁོར་ལོ་སྡོམ་པའི་བཀའ་འཛིན་པ་ནི་མངའ་རིས་པ་དཔལ་ལྡན་རྒྱལ་པོ་སྟེ། འདི་ནི་ཆུ་མོ་གླང་གི་ལོ་མངའ་རིས་སྟོད་ཀྱི་ཕྱོགས་སུ་འཁྲུངས། དགུང་ལོ་དགུ་པའི་ཚེ་བླ་མ་བསམ་གཏན་དཔལ་བ་ལས་རབ་ཏུ་བྱུང་། སློབ་