[A:༧༢]ལོ་སྨལ་ལོ་ཟླ་བའི་ཚེས་བཅུ་གཅིག་ལ་བདེ་བ་ཅན་གྱི་འཇིག་རྟེན་གྱི་ཁམས་སུ་མངོན་སུམ་དུ་གཤེགས་པར་གྱུར་ཏོ། །འདི་ཉིད་མི་ཐུབ་ཟླ་བའི་སྤྲུལ་པར་ཡང་གྲགས་སོ།།
༈ གསུམ་པ་རྗེ་བཙུན་ཆེན་པོ་གྲགས་པ་རྒྱལ་མཚན་ཏེ། འདིའི་རྣམ་པར་ཐར་པ་ནི། སྐྱེ་བ་བརྙེས་པའི་ཁྱད་པར། བསླབ་གསུམ་གྱི་ཡོན་ཏན་བརྙེས་ཚུལ། ཕྲིན་ལས་ཇི་ལྟར་མཛད་ཚུལ། ལུང་བསྟན་དང་སྐྱེ་བ་དྲན་པའི་ཚུལ་བཞིས་རྟོགས་པ་ལས། དང་པོ་ནི། སྐྱེ་བ་བཞེས་པ་ན་ཀླུའི་རྒྱལ་པོའི་ཚུལ་དུ་ཡུམ་ལ་རྨི་ལམ་བསྟན་ནས་བཀྲ་ཤིས་པའི་ལྟས་དང་བཅས་ཏེ་སྐུ་བལྟམས་ཤིང༌། སྨྲ་ཤེས་ནས་དབེན་པ་ལ་དགའ་ཞིང་བརྐམ་ཆགས་མེད་ལ། ཡོན་ཏན་སྒྲུབ་པ་ལ་བརྩོན་པ་བྱིས་པའི་སྤྱོད་པ་ལས་འདས་པ་ཞིག་ཏུ་གྱུར་ཏོ། །གཉིས་པ་ནི། དགུང་ལོ་བརྒྱད་ལོན་པ་ན་བྱང་སེམས་ཟླ་བ་རྒྱལ་མཚན་ལས་ཚངས་སྤྱོད་ཀྱི་དགེ་བསྙེན་ནོས་ཏེ། དེ་ཕྱིན་ཆད་འཕྲལ་རབ་ཏུ་བྱུང་བ་ལས་བཙུན་པ་མཛད་ཅིང༌། མཉེས་ཀྱང་རབ་ཏུ་བྱུང་བ་ལ་མཉེས། འཁོར་དགེ་སློང་ཀུན་ལ་གསོ་སྦྱོང་མ་ཆག་པར་མཛད་དེ། ཇ་ནི་བདག་གིས་འདྲེན་གསུངས་ནས་ཁོང་རང་ཡང་ཕ་ཚད་ནས་གཟིགས། གཞན་ཡང་སྐྱེ་བ་སྔ་མའི་དགེ་སློང་གི་བག་ཆགས་ཀྱིས་ཆོས་སྟོན་གསོལ་ཙ་ན་ཐུགས་ཡེངས་པའི་དུས་སུ་ངའི་འདི་ལ་སྦྱིན་ལེན་མ་བྱས་སྙམ་པ་འབྱུང༌། མཆོད་པའི་དུས་སུའང་དམ་ཚིག་གི་རྫས་ཙམ་རེ་ལས་ཡེ་མི་གསོལ་བ་ཞིག་དང་པོ་བྱུང༌། ཇི་ཞིག་ཙ་ན་དུམ་རེ་གསོལ། དེ་བཞིན་མཛད་པ་ཅི་ལགས་ཞུས་པས། ང་ལ་དང་པོ་ཆང་ལ་འདོད་འདུན་དྲག་པོ་རྨི་ལམ་ཚུན་ཆད་དུ་འཐུང་བ་རྨི་བ་ཞིག་བྱུང༌། འདི་བདུད་ལས་ཡིན་སྙམ་ནས་མ་འཐུངས། ད་འདོད་པ་དེ་ཙམ་མ་འདུག་པས་དུམ་རེ་བསྟེན་གསུང༌། དེ་མིན་