[A:༩༡]གཅིག་པའི་གདུལ་བྱ་ཆོས་ལ་མི་དད་པ་རྣམས་དད་པར་བྱས། དད་པ་རྣམས་ཐེག་ཆེན་གྱི་ཆོས་ལ་བཙུད་དེ། མདོར་ན་གདུལ་བྱ་དཔག་ཏུ་མེད་པ་སྨིན་ཅིང་གྲོལ་བར་མཛད་པས་བསྟན་པ་དར་རྒྱས་ཕུལ་དུ་ཕྱིན་པར་མཛད་དོ། །དེ་ནས་ལྕགས་ཕག་གི་ལོ་ཐ་སྐར་ཟླ་བ་ལ་ས་གཡོས་ཆེན་པོ་བྱུང་བ། ཅིའི་ལྟས་ཡིན་ཞུས་པས། ཁོ་བོ་ཞིང་གཞན་དུ་འགྲོ་བའི་ལྟས་ཡིན་གསུངས། དེ་ནས་བཟུང་ནས་སྐུ་མ་ཡོལ་བར་དུ་ངོ་མཚར་བའི་ལྟས་བསམ་གྱིས་མི་ཁྱབ་པ་བྱུང་སྟེ། དེའང་ཟླ་བ་དེའི་ཉི་ཤུ་དགུའི་ནམ་ཕྱེད་ན་དེ་བཞིན་གཤེགས་པ་སྒྲ་དབྱངས་མི་ཟད་པར་སྒྲོགས་པའི་རྒྱལ་པོ་དང༌། ཐོ་རངས་སྤྱན་རས་གཟིགས་མངོན་སུམ་དུ་ཞལ་གཟིགས། དེ་ནས་སྨིན་དྲུག་ཟླ་བའི་བཅུ་གསུམ་གྱི་ཉིན་པར་གཟིམས་ཁང་གི་ཕྱི་ན་འདུག་པའི་ཚེ་ལྷ་རྗེ་བི་ཇི་དྲུང་ན་འདུག་པ་ལ་མཁའ་ལ་ཅི་འདུག་གསུངས། ཅིའང་མི་གདའ་ཞུས་པས་ཐུབ་པ་ཉན་ཐོས་བརྒྱད་ཀྱིས་བསྐོར་བ་བཞུག་འདུག་གསུངས། བཅུ་བཞི་པ་ལ་གཟིམས་ཁང་རང་དུ་བཞུགས་པའི་ཚེ་སྤྲིན་གསེབ་ན་ཀྱེ་རྡོ་རྗེའི་དཀྱིལ་འཁོར་གཟིགས། བཅོ་ལྔ་པ་ལ་གཟིམས་ཁང་གི་ཕྱི་ན་བཞུགས་པའི་ཚེ་རྗེ་བཙུན་འཇམ་དབྱངས་ལན་གསུམ་དང༌། སྐུ་འཆགས་པའི་ཚེ་སྒྲོལ་མ་གཟིགས། དེ་ནས་དེའི་མར་ངོ་ལ་བབས་པའི་ཚེ་གཟིམས་མལ་ནས་བཞེངས་ནས་བི་ཇི་ལ་རོལ་མོའི་སྒྲ་ཐོས་པའམ། ཏིང་ངེ་འཛིན་སྐྱེས་པའམ། མཐོང་སྣང་ལ་སོགས་པ་ཅི་བྱུང་གསུངས། གཞན་མ་བྱུང༌། རོལ་མོའི་སྒྲ་ཐོས་ཞེས་ཞུས་པས་སྡིག་ཤས་ཆུང་བ་ཡིན། བདེ་མཆོག་ལ་སོགས་པའི་དཀྱིལ་འཁོར་མང་པོ་འདུག་གསུངས། དེའི་ཕྱིར་ནུབ་ཐོ་རངས་ཀྱི་ཆ་ལ་རྗེ་བཙུན་པ། བིརྺ་པ། ནག་པོ་པ་གསུམ་མངོན་སུམ་དུ་བྱོན་