R374: ཆོས་ཀྱི་རྗེ་དཔལ་ལྡན་བླ་མ་དམ་པ་རྣམས་ལས་དམ་པའི་ཆོས་ཇི་ལྟར་ཐོབ་པའི་ཚུལ་ལེགས་པར་བཤད་པ་ཟབ་རྒྱས་ཆོས་ཀུན་གསལ་བའི་ཉིན་བྱེད་ལས་ རྗེ་ལུ་ཕུ་བ་འབུམ་ཆེན་ཀུན་དགའ་དཔལ་འབྱོར་གྱིས་རྗེས་སུ་བཟུང་བའི་ཚུལ་གྱི་སརྒ

  • Pagination (Witness A): ༦བ
[A:༦བ]རྫོགས་ཀྱི་སྐོར་དང་། བསྐྱེད་རྫོགས་ཟུང་འཇུག་སྟོན་པ་རིག་འཛིན་རྒོད་ལྡེམ་གྱིས་བྱང་གཏེར་ནས་སྤྱན་དྲངས་པའི་བཀའ་བརྒྱད་དྲག་པོ་རང་བྱུང་རང་ཤར་གྱི་སྐོར་དང་། གཞན་ཡང་སྤྲུལ་སྐུ་བདེ་ཆེན་གླིང་པས་གཏེར་ནས་སྤྱན་དྲངས་པའི་བཀའ་བརྒྱད་ཁྲོ་འབར་མ་དང་། པདྨ་གླིང་པས་གཏེར་ནས་སྤྱན་དྲངས་པའི་ཐུགས་ཀྱི་མེ་ལོང་ལ་སོགས་པ་བཀའ་བརྒྱད་ཀྱི་སྐོར་མཐའ་ཡས་པ་ཞིག་ཡོད་པ་ལས། དེ་ལྟ་བུའི་བཀའ་བརྒྱད་ཡོངས་རྫོགས་ཀྱི་དབང་བསྐུར་བའི་ཚེ། དཀྱིལ་འཁོར་རྣམ་དག་འདི་ལྟར་འབྱུང་སྟེ། དབུས་སུ་བདུད་རྩི་ཡོན་ཏན་ཆེ་མཆོག་རྩ་བའི་དཀྱིལ་འཁོར། ཤར་དུ་དཔལ་ཆེན་བཛྲ་ཧེ་རུ་ཀ་ཡང་དག་ཐུགས་ཀྱི་དཀྱིལ་འཁོར། ལྷོར་འཇམ་དཔལ་སྐུའི་དཀྱིལ་འཁོར། ནུབ་ཏུ་པདྨ་གསུང་གི་དཀྱིལ་འཁོར། བྱང་དུ་ཕུར་པ་འཕྲིན་ལས་ཀྱི་དཀྱིལ་འཁོར། ཤར་ལྷོར་མངོན་རྫོགས་རྒྱལ་པོ་བླ་མེད་ཧེ་རུ་ཀ་མ་མོ་རྦོད་སྟོང་གི་དཀྱིལ་འཁོར། ལྷོ་ནུབ་ཏུ་བླ་མ་རིག་འཛིན་གྱི་དཀྱིལ་འཁོར། ནུབ་བྱང་དུ་ཕྱག་རྡོར་དྲེགས་པ་ཀུན་འདུལ་འཇིག་རྟེན་མཆོད་བསྟོད་ཀྱི་དཀྱིལ་འཁོར། བྱང་ཤར་དུ་དྲག་པོ་སྟོབས་ལྡན་ནག་པོ་དམོད་པ་དྲག་སྔགས་ཀྱི་དཀྱིལ་འཁོར་ཏེ་དཀྱིལ་འཁོར་དགུ་པོ་འདི་གཞལ་ཡས་ཁང་གཅིག་གི་ནང་དུ་ཆུག་པ་ཞིག་འབྱུང་བ་ཡིན་ལ། འདི་རྣམས་ལ་ལྷ་གྲངས་མང་ཉུང་མི་འདྲ་བ་དུ་མ་འབྱུང་ཡང་། ཕྱིའི་ཁྱམས་ཀྱི་བཀའ་སྲུང་སོགས་ཀུན་དྲིལ་བས་ལྷ་གྲངས་བདུན་བརྒྱ་དང་ཉེར་ལྔར་གྲགས་པ་ངེས་པ་ཡིན་ལ། འདི་ཀུན་གྱི་སྒྲུབ་ཐབས་དཀྱིལ་ཆོག་དབང་བསྐུར་སོགས་དཔེ་སྟེང་ནས་ཉམས་སུ་ལེན་པ་རྙིང་མ་བ་རང་གི་ལུགས་ཀྱི་ཕྱག་ལེན་གྱི་མཆོག་ཡིན་ཏེ། ལུགས་འདི་ལ་མཁས་པའི་སྔ་