[A:༦༧བ]ཀུན་རྫོབ་ཏུ་ཡོད་པའི་རྣམ་གཞག་མཛད། ཡང་། འཇིག་ལ་འབྲས་དང་ཡོད་ཉིད་བཞིན། །ཞེས་སྒྲ་འཇིག་པར་བསྒྲུབ་པ་ལ། འབྲས་བུ་རྟགས་སུ་བཀོད་པ་དང་། དོན་གྱི་ཡོད་པ་ཉིད་རྟགས་སུ་འགོད་པར་མཛད། དེ་ཕྱིར་དངོས་པོ་མེད་རྟེན་ཅན། །ཕྱི་རོལ་རྟེན་ནི་སྒྲ་དོན་ལ། །བརྟེན་ནས་འདིར་ནི་བསྒྲུབ་པ་དང་། །དགག་པ་ཐམས་ཅད་འདོད་པ་ཡིན། །དེ་ཡང་སྒྲ་འཇུག་པ་ཉིད་ལས། །ཡོད་ཅེས་ཐ་སྙད་བསྟན་པར་འདོད། །ཅེས་དང་། དེ་ཉིད་མེད་པ་མ་ཡིན་སྒྲ་དོན་ཕྱིར། །ཞེས་སྒྲ་དོན་ལ་ཡོད་པའི་ཐ་སྙད་མཛད་པ་དང་། ཡང་། དེ་ལ་དམིགས་རུང་རྣམས་ཀྱིས་ནི། །ཡོད་པ་དམིགས་པ་ལས་གཞན་མིན། །ཞེས་ཚད་མས་དམིགས་པ་ཡོད་པའི་མཚན་ཉིད་དུ་གསུངས། དེ་དག་གི་དོན་ཡང་འདི་ཡིན་ཏེ། འདིར་ནི་ཡོད་པ་རྣམ་གཉིས་ཏེ། །དོན་དང་ཐ་སྙད་དག་གིས་སོ། །དོན་གྱི་ཡོད་པས་བྱ་བ་བྱེད། །ཐ་སྙད་ཡོད་པས་དགག་སྒྲུབ་རྟེན། །ཞེས་པའོ། །དྲི་བ་གཉིས་པ་ཆོས་ཀྱི་དབྱིངས་ཤེས་བྱ་མ་ཡིན་ལགས་སམ་ཞེས་པའི་ལན་ནི། རྡོ་རྗེ་གཅོད་པ་ལས། སངས་རྒྱས་རྣམས་ནི་ཆོས་ཀྱི་སྐུ། །འདྲེན་པ་རྣམས་ནི་ཆོས་ཉིད་ལྟ། །ཆོས་ཉིད་ཤེས་བྱ་མ་ཡིན་ཏེ། །དེ་ནི་ཤེས་པར་ནུས་མ་ཡིན། །ཞེས་གསུངས་པ་དང་། སྤྱོད་འཇུག་ལས། དོན་དམ་བློ་ཡི་སྤྱོད་ཡུལ་མིན། །བློ་ནི་ཀུན་རྫོབ་ཡིན་པར་འདོད། །ཅེས་གསུངས་པའི་དོན་ཆོས་དབྱིངས་རང་ངོས་ནས་ཤེས་བརྗོད་ཀྱི་ཡུལ་ལས་འདས་མོད། གཞན་སེལ་གྱི་སྒོ་ནས་ཤེས་བྱར་ཐ་སྙད་མཛད་དེ། རྒྱུད་བླ་མ་ལས། གལ་ཏེ་སངས་རྒྱས་ཁམས་མེད་ན། །སྡུག་ལ་སྐྱོ་བར་མི་འགྱུར་ཞིང་། །མྱ་ངན་འདས་པར་འདོད་པ་དང་། །དོན་གཉེར་སྨོན་