[A:༧༣བ]ནས་དར་ཡུག་དཀར་པོ་གཅིག་བླངས་ཏེ་ཆོས་རྗེ་བ་ལ་ཕུལ་ནས། ཆོས་རྗེ་བ་ལྟ་བ་ཕྱག་རྒྱ་ཆེན་པོ་འདི་ཐེག་པ་ཐམས་ཅད་ཀྱི་སྒོམ་དུ་བཞེད་དམ། ཕྱག་རྒྱ་ཆེན་པོ་འདི་རང་ཇི་ལྟ་བུ་ལགས། ཅིའི་ཕྱིར་ཕྱག་རྒྱ་ཆེན་པོ་ཞེས་བྱ། འདི་སྐྱེ་ཚུལ་དང་། ས་ལམ་བགྲོད་ཚུལ་གྱི་རྣམ་པ་ཅི་ལྟ་བུ་ལགས། བདག་ལ་ཕྱག་རྒྱ་ཆེན་པོའི་གདམས་ངག་ཟབ་མོ་ཞིག་གནང་བ་ཞུ་ཞུ་ཡིན་འདུག་པ་ལ་ཆོས་རྗེ་པ་ཐུགས་དགྱེས་ཏེ། ཌོམྦི་པའི་ཀྱེ་རྡོ་རྗེའི་དབང་བསྐུར་མཛད་ནས། ཕྱག་རྒྱ་ཆེན་པོ་ལྷན་ཅིག་སྐྱེས་གྲུབ་དང་། ཏོག་ཙེ་བའི་བསམ་མི་ཁྱབ་ཀྱི་གདམས་ངག་ཚང་མ་ཅིག་གནང་ནས། ངེད་ཀྱི་ལུགས་ཀྱི་ཕྱག་རྒྱ་ཆེན་པོའི་ཁྲིད་ལུགས་འདི་ལྟར་ཡིན། གྲུབ་ཐོབ་མ་སྔ་བར་རྩེ་གཅིག་ཏུ་སྒྲུབ་པ་མཛོད་དང་མི་བསླུ་བ་ཡོང་། ཁྱོད་ཀྱིས་དྲིས་པའི་དོན་མདོར་བསྡུས་པ་འདི་རྣམས་ཐུགས་ལ་ཞོག་གསུངས་ནས། སྤྱིར་ཕ་རོལ་ཏུ་ཕྱིན་པའི་ཐེག་པའི་ལུགས་ལ་ལྟ་བ་དཀའ་རྟགས་ཀྱི་ཕྱག་རྒྱ་བཞིས་རྒྱས་འདེབས། རྒྱུད་སྡེ་འོག་མ་གསུམ་གྱི་ལུགས་ལ་ཟབ་གསལ་གཉིས་མེད་ཀྱི་རྒྱས་འདེབས་པར་བཤད་ཀྱང་། ཕྱག་རྒྱ་ཆེན་པོའི་ཐ་སྙད་མ་གསུངས་ཤིང་དེ་དག་གི་ལུགས་ལ་མཆོག་གི་དངོས་གྲུབ་བཤད་ཀྱང་ཕྱག་རྒྱ་ཆེན་པོ་མཆོག་གི་དངོས་གྲུབ་མ་བཤད་པས་ལྟ་བ་ཕྱག་རྒྱ་ཆེན་པོ་མཚན་ཉིད་པར་བསྒོམ་པར་མི་འདོད་དོ། །དེ་དག་གི་ལུགས་ལ་རྟོགས་བྱ་སྟོང་པ་ཉིད་ཟབ་མོ་བཤད་ཀྱང་། རྟོགས་བྱེད་ཐབས་ལམ་ཟབ་མོ་མ་བཤད་པས་ཕྱག་རྒྱ་ཆེན་པོ་མཚན་ཉིད་པ་མི་འཐད་པ་ཡིན། དཔེར་ན་ཉན་ཐོས་ལུགས་ལ་སྦྱིན་པ་དང་ཚུལ་ཁྲིམས་ལ་སོགས་པ་བཤད་ཀྱང་། གྲོགས་ཐབས་ཤེས་ཁྱད་པར་ཅན་མ་བཤད་པས་སྦྱིན་པའི་ཕ་རོལ་ཏུ་