[A:༨༠ན]པས། ངེད་ཀྱི་ཕྱོགས་ནས་ཐམས་ཅད་བློ་བདེ་བར་བཞུགས་པས་ཆོག འདབ་ནོར་ལ་གསེར། དངུལ། གླང་པོ་ཆེའི་མཆེ་བ། མུ་ཏིག་རྡོག་པོ་ཆེ་བ། མཚལ། བཙོད། རུ་རྟ། གི་ཝང་། སྟག་གཟིག་གུང་གསུམ། སྲམ། བོད་སྣམ། དབུས་ཕྲུག་བཟང་པོ། འདི་ན་དེ་ཚོ་དགའ་བར་འདུག སྤྱིར་ནོར་ལ་འདིར་གཙིགས་ཆུང་ཡང་རང་རང་གི་ཡུལ་ན་གང་བཟང་གི་ནོར་རྫས་འོང་བས་ཆོག་པ་ཡིན། གསེར་ཡོད་ན་གང་འདོད་འོང་བར་འདུག་པས་དགོངས་མཛོད། སངས་རྒྱས་ཀྱི་བསྟན་པ་ཕྱོགས་མཐའ་དག་ཏུ་རྒྱས་པར་གྱུར་ཅིག མངྒ་ལཾ་ཞེས་ཞེས་པའི་གསུང་ཤོག་གནང་བ་དབུས་གཙང་གི་གྲྭ་བུ་སློབ་སྦྱིན་བདག་དང་བཅས་པ་སོགས་སྐྱེ་བོ་ཐམས་ཅད་ཀྱིས་མཐོང་བས་སོ་སོར་དགའ་མགུ་ཡི་རང་ཞིང་ཡིད་སྤྲོ་བ་མཆོག་ཏུ་ཐོབ་པར་མཛད་པ་ཡིན་ནོ། །དེ་ལྟ་བུའི་བླ་མ་རྩོད་པའི་དུས་ཀྱི་ཐམས་ཅད་མཁྱེན་པ་གཉིས་པ་དེ་དགུང་ལོ་བདུན་ཅུའི་བར་དུ་རྒྱལ་བའི་བསྟན་པ་དང་། སེམས་ཅན་དཔག་ཏུ་མེད་པ་སྨིན་ཅིང་གྲོལ་བར་མཛད་ནས། མཐར་གཟུགས་ཀྱི་སྐུའི་བཀོད་པ་ཇི་ལྟར་བསྡུ་བའི་ཚུལ་སློབ་དཔོན་བི་ཇི་བའི་གསུང་ལྟར་བརྗོད་ན། ལྕགས་མོ་ཕག་གི་དུས་སུ་གཞན་དོན་ལ་བཞུད་པའི་དུས་སུ་ཐ་སྐར་གྱི་ཟླ་བ་ལ་ལྟས་ཆེན་པོ་བཅོ་བརྒྱད་བྱུང་། ཐ་སྐར་གྱི་ཚེས་བརྒྱད་ཀྱི་ཉིན་པར་ས་གཡོས་ཆེན་པོ་བྱུང་། བདག་བི་ཇི་ལྷ་རྗེས་རྒྱུ་མཚན་ཞུས་པས། རྒྱལ་བའི་སྲས་སུ་གྱུར་པ་ཆེན་པོ་རྣམས་གཞན་དོན་ལ་འགྲོ་བའི་ལྟས་ཡིན། འུ་ཅག་ཀྱང་དེའི་རྗེས་སུ་འཇུག་པ་འདྲ་གསུངས། ཉི་ཤུ་དགུའི་ནམ་ཕྱེད་ན་ལོངས་སྐུའི་ཆ་ལུགས་སྒྲ་དབྱངས་མི་ཟད་པ་སྒྲོག་པའི་རྒྱལ་པོ་