[A:༨༠བ]མངོན་སུམ་དུ་བྱོན། སྐུ་མདོག་དཀར་པོ་ཞལ་གཅིག་ཕྱག་གཉིས་པ་བྱོན་ནས། ཁྱེད་ཀྱིས་སྤོས་ཕུལ་གསུངས་ནས་བདག་གིས་སྤོས་ཕུལ། ཐོ་རངས་ཀྱི་དུས་སུ་སྤྱན་རས་གཟིགས་དབང་ཞལ་བཅུ་གཅིག་པས་བྱིན་རླབས་མཛད་པའི་སྣང་བ་བྱུང་། སྤོས་ཕུལ་གསུངས་པས་བདག་གིས་ཕུལ། སྨིན་དྲུག་གི་ཟླ་བའི་ཡར་ཚེས་དྲུག་གི་ཉིན་སྒྲ་སྣ་ཚོགས་བསྒྲགས། བདག་དྲུང་ན་ཡོད་པས། ལྷ་ཁང་གི་ནང་ན་རྣམ་རྒྱལ་མཆོད་པ་བྱེད་མི་རྣམས་ཡིན་ནམ་ཞུས་པས། ལྷ་ཁང་ན་རྣམ་རྒྱལ་བྱེད་པ་ལ་བལྟར་སོང་གསུངས། དེ་ལྟར་ཕྱིན་བས་ཁོང་རྣམས་ཀྱིས་ཀྱང་སྒྲ་ཐོས་ཟིན་ཅི་ཡིན་ནམ་ཁྱེད་ཞུར་སོང་ཟེར་བདག་གིས་ཞུས་པས། ལྷའི་བསུ་བ་མང་པོ་བྱུང་མཆོད་པ་གྱིས། ད་རང་གཞན་གྱི་དོན་ལ་འགྲོ་དགོས་པ་ཡིན་གསུངས། མེ་ཏོག་གི་ཆར་ཡང་ས་ལ་འབབ་རྒྱུ་མེད་པ་ནམ་མཁའ་ལ་མང་པོ་བྱུང་། ཚེས་བཅུ་གསུམ་གྱི་ཉིན་པར་གདུགས་ལ་བཞུགས་པའི་དུས་སུ་ཉི་མ་ཡོད་འཕྲོ་ལ་སྤྲིན་དཀར་པོ་ལེགས་པ་ཅིག་ནར་གྱིས་བྱུང་། ནམ་མཁའ་ལ་ཕྱག་མཛུབ་གཏད་ནས་བཞད་ཅིག་མཛད་ནས། ཁྱོད་ཀྱིས་ཨེ་མཐོང་གསུངས། བདག་གིས་མ་མཐོང་ཤིན་ཏུ་སེམས་དགའ་བ་ཅིག་བྱུང་ཞུས་པས། སྡིག་ཤས་ཆུང་བར་འདུག་སྟེ། འོན་ཀྱང་སྡིག་པ་དྲི་མ་འདྲ་བས་སྡིག་སྦྱོང་གྱིས་གསུངས། སངས་རྒྱས་བཅོམ་ལྡན་འདས་སེང་གེའི་ཁྲི་ལ་འཁོར་ཉན་ཐོས་དང་བཅས་པ་བཞུགས་པའི་སྣང་བ་བྱུང་བས་སྤོས་ཕུལ་གསུངས། དེ་ནས་སྤོས་ཕུལ། བཅུ་བཞིའི་ཉིན་པར་ཕྱི་དྲོ་གདུགས་ལ་བཞུགས་པའི་དུས་སུ་སྤྲིན་སྔར་གྱི་དེ་འདྲ་བ་ཅིག་བྱུང་། དཔལ་ཀྱེ་རྡོ་རྗེའི་དཀྱིལ་འཁོར་གསལ་པོར་གཟིགས་པས་སྤོས་ཕུལ་གསུངས་ནས་