R752: འཛམ་གླིང་བྱང་ཕྱོགས་ཀྱི་ཐུབ་པའི་རྒྱལ་ཚབ་ཆེན་པོ་དཔལ་ལྡན་ས་སྐྱ་པའི་གདུང་རབས་རིན་པོ་ཆེ་ཇི་ལྟར་བྱོན་པའི་ཚུལ་གྱི་རྣམ་པར་ཐར་པ་ངོ་མཚར་རིན་པོ་ཆེའི་བང་མཛོད་དགོས་འདོད་ཀུན་འབྱུང་།

  • Pagination (Witness A): ༢༩༥ན
[A:༢༩༥ན]འགའ་ཞིག་ནོད་པར་མཛད་ལ། མདོར་ན་བདག་ཉིད་ཆེན་པོ་འདི་ཉིད་ནི་རང་ཉིད་ཡོན་ཏན་ཀུན་དང་ལྡན་ཡང་རྟག་ཏུ་དམན་ཆ་འཛིན་པ་ལ་ཐུགས་གཅིག་ཏུ་གཞོལ་བའི་གང་ཟག་གཞན་གྱི་སྐྱོན་ནས་གསུངས་པ་ཞབས་དྲུང་དུ་ཡུན་རིང་དུ་བསྡད་པ་སུས་ཀྱང་ཐོས་མ་མྱོང་བ་ཡིན་ཞིང་། མཁས་བཙུན་བཟང་གསུམ་དང་ལྡན་པའི་སྐྱེས་བུ་དམ་པ་གང་ན་སུ་བཞུགས་ཀྱང་བླ་མར་བཀུར་བའི་ཐུགས་འདུན་རྒྱུན་ཆགས་སུ་མཛད་པ་ཡིན་ཏེ། དུས་ཕྱིས་ཉིད་ཀྱི་གསུང་ལས། ད་ནི་ངེད་ཀྱི་བླ་མ་ཕལ་ཆེར་ཞིང་གཞན་དུ་གཤེགས་ནས་མི་བཞུགས་འདུག་པས། ཚེ་མཇུག་འདི་ལ་ངེད་རང་བློ་གཏད་ཐུབ་པའི་བླ་མ་ཞལ་བཞུགས་ཤིག་དགོས་པ་འདུག་པ་ལ། གཞན་ནི་འོས་རིགས་གང་ནས་བཙལ་ཀྱང་མི་འདུག་ཅིང་། རིན་པོ་ཆེ་མུས་ཆེན་སངས་རྒྱས་རྒྱལ་མཚན་འདི་ངེད་རང་ཡིད་ཆེས་ཤིང་གདེང་ཁེལ་བའི་བླ་མ་ཞིག་འདུག་པས། ཁོང་གིས་གནང་གྲོགས་མཛད་ན་ངེད་རང་འདོད་ཆོས་འདྲ་ཞུ་བ་ལ་བརྟག་པ་སོགས་བྱེད་དགོས་མི་འདུག་ཅེས་བདག་ཅག་ཞབས་དྲུང་ན་གནས་པ་ཀུན་ལ་ཡང་ཡང་དུ་གསུང་བ་སྐུ་འཁོར་བ་ཀུན་གྱི་ཐུགས་ལ་གསལ་བ་དེ་ཡིན་ལ། དེ་ལྟར་བདག་ཉིད་ཆེན་པོ་འདི་ཉིད་སྐུ་གཞོན་ནུ་ཉིད་ནས་ཡོན་ཏན་མཐའ་དག་མ་བསླབས་པ་ཡང་ངང་གིས་རྫོགས་པའི་ཚུལ་གྱིས། ལ་ལ་རྒྱལ་པོའི་བུ་བཞིན་ལྷུན་གྱིས་གྲུབ། །ཅེས་གསུངས་པའི་དོན་དང་ལྡན་པར་གྱུར་ཅིང་། མཆོད་འོས་ཀུན་ལ་གུས་པ་དང་། སྐྱེ་བོ་གཞན་སུ་ཞིག་ལའང་ཁོང་ཁྲོ་བ་ཙམ་ཡང་མི་མངའ་ཞིང་། ཀུན་གྱི་ཡིད་འཛིན་པ་ལ་མཁས་པས་འདི་ནི་འགྲན་ཟླ་དང་བྲལ་བའི་སྐྱེས་བུ་ཆེན་པོ་ཞིག་འབྱུང་ངེས་པར་